ཕཱ་ལེ་སི་ཐན་གྱི་ཙུང་ལི་ཨ་ཧྲི་ཐིས་ཡེ་ཡིས་ཚེས་བཅུ་གསུམ་ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཅཱ་ཧྲ་ས་ཁུལ་དུ་ལཱ་ཧྥ་རྒྱུ་ལམ་གཅིག་པོ་མ་ཡིན་པར་མི་ཆོས་རིང་ལུགས་ཀྱི་རྒྱུ་ལམ་མང་བོ་སྒོ་འབྱེད་བྱེད་དགོས་པའི་འབོད་སྐུལ་བཏང་།
ཨ་ཧྲི་ཐིས་ཡེ་ཡིས་ཉིན་དེར་གཟའ་འཁོར་རེའི་སྲིད་གཞུང་བྱ་བའི་གྲོས་ཚོགས་སྟེང་ད་རུང་བསྟན་དོན། དེའི་སྔོན་རྒྱལ་ཁབ་མང་བོས་ཅཱ་ཧྲ་ས་ཁུལ་དང་སེ་ཕུའུ་ལུའུ་སིའི་བར་དུ་ཆུ་ཐོག་རྒྱུ་ལམ་འཛུགས་རྒྱུའི་གྲོས་གཞི་བཏོན་ཡོད་པ་དང་། རྒྱུ་ལམ་དེ་ཅཱ་ཧྲ་ས་ཁུལ་དུ་རོགས་སྐྱོར་བྱེད་པའི་ཐད་བཀོལ་བའི་རེ་བ་ཡོད་ལ། ང་ཚོས་རོགས་སྐྱོར་ལ་ཁ་གཡར་ནས་ཅཱ་ཧྲ་ས་ཁུལ་གྱི་མི་དམངས་ཁྱིམ་གཞིས་དང་འབྲལ་དུ་འཇུག་པ་དང་ལེན་བྱེད་མི་སྲིད་ཟེར།
ཨ་ཧྲི་ཐིས་ཡེ་ཡིས་ད་རུང་རྒྱལ་ཁབ་སྐོར་ཞིག་གིས་ཡང་དང་བསྐྱར་དུ་དབྱི་སི་རལ་གྱི་རང་སྲུང་དབང་ཆ་ནན་བཤད་བྱས་པར་སྐྱོན་འཛུགས་བྱས། ཁོས་བསྟན་དོན། དབྱི་སི་རལ་ནི་བཙན་བཟུང་མཁན་ཡིན་པས་རང་སྲུང་དབང་ཆ་མེད་ཟེར།
དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་དེའི་སྔོན་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཇུག་སྒྲིལ་རྗེས་ཅའ་ཧྲ་ས་ཁུལ་གྱི་བདེ་འཇགས་ཚོད་འཛིན་བྱེད་རྒྱུའི་གཏམ་བཤད་སྤེལ་བར་དམིགས་ནས། ཨ་ཧྲི་ཐིས་ཡེ་ཡིས་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་ནི་ཕཱ་ལེ་སི་ཐན་གྱི་མངའ་ཁོངས་ཀྱི་ཁག་ཅིག་ཡིན་ལ། དབྱི་སི་རལ་ཕྱོགས་ཀྱི་སྲིད་ཇུས་ཀྱིས་རང་སྟེང་ལ་ཆགས་འཇིག་འབྱུང་དུ་འཇུག་སྲིད་ཟེར།
ཨ་ཧྲི་ཐིས་ཡེ་ཡིས་བཤད་རྒྱུར། དབྱི་སི་རལ་གྱིས་བསྟུད་མར་ཅཱ་ཧྲ་ས་ཁུལ་གྱི་ཆེས་ཆེ་བའི་སྨན་ཁང་ཞི་ཧྥ་ལ་འཇབ་རྒོལ་བྱས་ནས་དེའི་གློག་ཤུགས་དང་འབར་རྫས་ཀྱི་མཁོ་འདོན་མཚམས་བཞག་པ་རེད། རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་ལྟར་ན། བྱ་སྤྱོད་དེ་འཐབ་འཁྲུག་ནག་ཉེས་སུ་བརྩིས་ཆོག་ཟེར།
ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་བཅུ་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཞི་ཧྥ་སྨན་ཁང་དུ་མིག་སྔར་ཉུང་མཐར་ཡང་མི་ཉེར་བདུན་གློག་ཆད་པའི་དབང་གིས་དབྱང་དབུགས་མེད་པར་རྐྱེན་ལམ་དུ་ཤོར་ཡོད་ཟེར། དེ་ལས་གཞན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གི་མགྲིན་ཚབ་པ་ཨ་ཧྲི་ལཱ་ཧྥུའུ་ཆི་ཏི་ལཱ་ཡིས་ཉིན་དེར་སྨྱན་བྱད་ལ་བསྟན་དོན། ཞི་ཧྥ་སྨན་ཁང་ནང་གི་བྱིས་པ་སུམ་ཅུ་ལྷག་གི་གནས་ཚུལ་མ་འོངས་པའི་དུས་ཚོད་འགའི་ནང་ཉེན་ཁ་ཆེ་བར་འགྱུར་སྲིད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།