དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱིས་སྲིད་འཛིན་ལས་ཁུངས་བཅོས་སྒྲིག་བྱས།
2023.11.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

དབྱིན་ཇིའི་དབུ་བཞུགས་བློན་ཆེན་སུའུ་ནཱ་ཁི་ཡིས་ཚེས་བཅུ་གསུམ་ཉིན་སྲིད་འཛིན་ལས་ཁུངས་བཅོས་སྒྲིག་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། ནང་སྲིད་དང་ཕྱི་འབྲེལ། འཕྲོད་བསྟེན། སྤྱི་ཚོགས་ཕན་བདེ་བཅས་ཀྱི་བློན་ཆེན་སོགས་ལས་གནས་མང་བོ་ལེགས་སྒྲིག་བྱས།

སུའུ་ནཱ་ཁི་ཡིས་ཉིན་དེར་པུའུ་ལོས་ཧྥེ་མན་གྱི་ནང་སྲིད་བློན་ཆེན་གྱི་ལས་འགན་བླངས་པ་དང་། སྔོན་ཆད་ཀྱི་ཕྱི་འབྲེལ་བློན་ཆེན་ཁི་ལའེ་ཧྥོ་ལེ་ནང་སྲིད་བློན་ཆེན་དུ་བསྐོ་འཇོག་བྱས་པ་དང་། སྔོན་ཆད་ཀྱི་དབུ་བཞུགས་བློན་ཆེན་ཁཱ་མེ་ལོན་ལ་ཕྱི་འབྲེལ་བློན་ཆེན་གྱི་འགན་ཁུར་དུ་བཅུག

ཁི་ལའེ་ཧྥོ་ལེ་ཡིས་ནང་སྲིད་བློན་ཆེན་གྱི་འགན་ཁུར་རྗེས་བསྟན་དོན། ཁོའི་བྱ་བ་གཙོ་བོ་ཞིག་ནི་ཁྲིམས་འགལ་གནས་སྤོར་སྡོད་དམངས་དག་ལྐོག་འགྲོས་བྱས་ནས་དབྱིན་ཇིར་ཡོང་བར་བཀག་འགོག་བྱེད་རྒྱུ་དེ་ཡིན་ཟེར། ཁཱ་མེ་ལོན་གྱིས་ཕྱི་འབྲེལ་བློན་ཆེན་གྱི་བསྐོ་འཇོག་དང་ལེན་བྱས་རྗེས་གསལ་སྒྲོག་སྤེལ་ནས། དབྱིན་ཇི་རྒྱལ་སྤྱིའི་འགྲན་རྩོད་རབ་དང་རིམ་པར་འཕྲད་ཡོད་ལ། དེའི་ནང་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་དང་དབུས་ཤར་ས་ཁུལ་གྱི་ཉམས་ཉེན་སོགས་འདུས་ཡོད་ཟེར།

ཉིན་དེར་སྲིད་གཞུང་གི་དཔོན་རིགས་གཞན་པ་མང་བོས་ལས་སྐྱུར་དགོངས་ཞུ་བྱས་པའམ་ཡང་ན་ལས་འགན་བླངས་ཡོད། སུའུ་ནཱ་ཁི་ཡིས་དེའི་རྗེས་སུ་མི་དོན་ལེགས་སྒྲིག་གི་ཆོད་དོན་མང་བོ་བཏོན་པ་རེད། སྲིད་འཛིན་ལས་ཁུངས་ཀྱི་མིང་ཐོ་གསར་བ་ལྟར་ན། སྔོན་ཆད་ཀྱི་འཕྲོད་བསྟེན་དང་སྤྱི་ཚོགས་ཕན་བདེའི་བློན་ཆེན་པཱ་ཁི་ལེ་ཡིས་ཁོར་ཡུག་དང་ཟས་རིགས། གྲོང་གསེབ་བཅས་ཀྱི་ལས་དོན་བློན་ཆེན་གྱི་འགན་ཁུར་ཡོད་ལ། ཨ་ཐི་ཅིན་སི་ཡིས་འཕྲོད་བསྟེན་དང་སྤྱི་ཚོགས་ཕན་བདེའི་བློན་ཆེན་གྱི་འགན་ཁུར་ཡོད། ཀི་ལོན་གྱིས་རྩིས་དཔོན་གཙོ་བོའི་འགན་ཁུར་བ་དང་། ཧའོ་ཨར་ཏིན་གྱིས་སྲིད་འཛིན་ལས་ཁུངས་ཀྱི་དོ་དམ་བློན་ཆེན་དང་བག་འཁུམ་ཏང་གི་ཀྲུའུ་ཞིའི་འགན་ཁུར་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།