པུའུ་ཁི་ནཱ་ཧྥ་སོ་ཡི་རྒྱལ་ཁབ་ཞིབ་དཔྱོད་དཔོན་ཀི་ནཱ་ནོའུ་ཡིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན་རྒྱལ་ཁབ་དེའི་དབུས་བྱང་ས་ཁུལ་དུ་བྱུང་བའི་འཇབ་རྒོལ་དོན་རྐྱེན་ལས་མི་སེར་དཀྱུས་མ་བདུན་ཅུ་ལྷག་ལ་ཤི་རྨས་ཐེབས་ཟེར།
ཀི་ནཱ་ནོའུ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་དབུས་བྱང་ས་ཁུལ་གྱི་ཀྲ་ཝུན་ཀི་གྲོང་རྡལ་ནས་བྱུང་བ་དང་། ཤི་རྨས་ཐེབས་པའི་མི་གཙོ་བོ་བྱིས་པ་དང་རྒན་པ་ཡིན་ལ། ཐེངས་འདིའི་དྲག་སྤྱོད་ལག་བསྟར་བྱེད་མཁན་གྱི་ཐོབ་ཐང་གསལ་བོར་ཤེས་མེད་ཟེར།
བསྒྲགས་པ་ལྟར་ན། ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ནི་ཟླ་བཅུ་གཅིག་པའི་ཟླ་མགོར་པུའུ་ཁི་ནཱ་ཧྥ་སོ་ཡི་བདེ་འཇགས་དམག་དཔུང་དང་ས་ཁུལ་དེའི་འཇིགས་སྐུལ་ཉེས་ཅན་གྱིས་འཁྲུག་རྩོད་བྱས་པའི་ཉིན་གཉིས་ཀྱི་རྗེས་སུ་བྱུང་བ་རེད། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཚེས་བཅུ་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། པུའུ་ཁི་ནཱ་ཧྥ་སོ་ཡི་བར་བརྒལ་སྲིད་གཞུང་གིས་དོན་རྐྱེན་དེར་རྟོག་ཞིབ་བྱས་ཏེ་དག་འབུད་བྱེད་དགོས་པའི་འབོད་སྐུལ་བཏང་།
ཉིས་སྟོང་བཅོ་ལྔ་ལོའི་ཚུན་ལ། པུའུ་ཁི་ནཱ་ཧྥ་སོ་རུ་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་དོན་རྐྱེན་མང་དུ་སོང་ནས། བདེ་འཇགས་གནས་བབ་སྔར་ལས་ཛ་དྲག་ཏུ་གྱུར་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།