དབྱི་སི་རལ་སྐབས་དོན་ཚགས་པར་གྱིས་ཚེས་བཅུ་བཞི་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཉིན་དེར་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཅཱ་ཧྲ་མཁར་གྱི་ཚད་ལྡན་དམག་དཔུང་གི་སྤྱི་ཁྱབ་པུའུ་ཚོད་འཛིན་བྱས་ཡོད་ཟེར།
དབྱི་སི་རལ་གྱི་དམག་དཔུང་གིས་སྤེལ་བའི་འདྲ་པར་ཞིག་ལས་མངོན་པ་ལྟར་ན། དབྱི་སི་རལ་གྱི་དམག་མིས་ཚད་ལྡན་དམག་དཔུང་གི་སྤྱི་ཁྱབ་པུའུ་རུ་དབྱི་སི་རལ་གྱི་རྒྱལ་དར་བཟུང་འདུག དམག་ཕྱོགས་ཀྱིས་འདྲ་པར་དེ་བླངས་པའི་དུས་ཚོད་གསལ་བོར་བསྒྲགས་མེད།
དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་བཅུ་གསུམ་ཉིན་ཅཱ་ཧྲ་མཁར་ནང་གི་ཧཱ་མཱ་སིའི་ཁྲིམས་འཛུགས་ཨུ་ཡོན་ལྷན་ཁང་གི་ཐོག་ཁང་ཆེན་མོ་ཚོད་འཛིན་བྱས་པ་ཁྱབ་བསྒྲགས་བྱས།
དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་བཅུ་བཞི་ཉིན་བསྟན་དོན། མུ་མཐུད་དུ་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་བཞག་སྟེ། ཕཱ་ལེ་སི་ཐན་གྱི་མང་ཚོགས་ལྷོ་ཕྱོགས་ས་ཁུལ་དུ་ཕྱིར་འཐེན་བྱེད་པར་སྟབས་བདེ་བཟོ་རྒྱུ་ཡིན་ཟེར།
དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་བཅུ་བཞི་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་འདས་པའི་དུས་ཚོད་ཉེར་བཞིའི་ནང་ཧཱ་མཱ་སིའི་དམིགས་འབེན་ཉིས་བརྒྱར་འགས་གཏོར་བཏང་ཡོད་ལ། དེའི་ནང་མཚོན་ཆའི་ཐོན་སྐྱེད་རྟེན་གཞི་དང་། ཐན་ཁིར་རྒོལ་བའི་འཕུར་མདའི་གཏོང་འཕེན་སྒྲོམ་གཞི། དམག་དོན་བཀོད་འདོམ་པུའུ་སོགས་འདུས། དབྱི་སི་རལ་གྱི་མཚོ་དམག་གིས་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་ཧཱ་མཱ་སིའི་སྦྱོང་བརྡར་དང་མཚོན་ཆ་གསོག་ཉར་བྱེད་སའི་སྒར་ས་ཞིག་ལ་འཇབ་རྒོལ་བྱས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།