སྐབས་གཉིས་པའི་ཕཱ་རེ་སིའི་ཀྲུང་གོ་དང་ཧྥ་རན་སིའི་གླེང་སྟེགས་སྤེལ།
2023.11.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

སྐབས་གཉིས་པའི་ཕཱ་རེ་སིའི་ཀྲུང་གོ་དང་ཧྥ་རན་སིའི་གླེང་སྟེགས་ཚེས་བཅུ་བཞི་ཉིན་ཧྥ་རན་སིའི་ཅི་མེ་རྒྱལ་བཙུགས་ཨེ་ཤ་ཡཱའི་སྒྱུ་རྩལ་རྟེན་མཛོད་ཁང་ནས་སྤེལ་ཏེ། སང་ལོར་ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུ་འགོར་བར་སྔ་མོ་ནས་དགའ་སྟོན་རྟེན་འབྲེལ་ཞུས། ཀྲུང་གོ་དང་ཧྥ་རན་སིའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ལས་རིགས་ཀྱི་མི་སྣ་ཉིས་བརྒྱ་ཙམ་གླེང་སྟེགས་ལ་ཞུགས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཕྱིར་དྲན་བྱས་པར་མ་ཟད་མཉམ་ལས་མདུན་ལྗོངས་ལ་གྲོས་བསྡུར་བྱས།

ཧྥ་རན་སི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལུའུ་ཧྲ་ཡེ་ཡིས་ཚོགས་མགོ་རྩོམ་པའི་ཞུ་ཚིག་འབུལ་སྐབས་བསྟན་དོན། ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུ་འགོར་ལ་ཉེ་ཡང་མཛའ་མཐུན་མཉམ་ལས་ཀྱི་ཡང་དག་པའི་ལམ་ལས་བདའ་མེད། མིག་སྔར་འཛམ་གླིང་ཧྲིལ་བོ་ལོ་བརྒྱར་བྱུང་མྱོང་མེད་པའི་འགྱུར་ལྡོག་གོམ་སྟབས་ཇེ་མགྱོགས་སུ་སོང་བས། ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་འཛུགས་སྐབས་ཀྱི་སྒེར་ཚུགས་དང་རྒྱུས་ལོན། མིག་རྒྱང་རིང་བོ། མཉམ་རྒྱལ་སྙིང་སྟོབས་བཅས་མངོན་པར་བྱེད་དགོས། ཀྲུང་གོ་དང་ཧྥ་རན་སིར་རྒྱལ་ཁབ་ཆེན་མོའི་ཁག་ཁུར་དང་ཐུན་མོང་ཁེ་ཕན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་མཛའ་བརྩེ་ཟབ་མོ་ཆགས་ཡོད། ལོ་རྒྱུས་ཀྱི་ལམ་ཐིག་གསར་བའི་སྟེང་། ཀྲུང་གོ་དང་ཧྥ་རན་སི་ཡིས་མུ་མཐུད་དུ་འདྲ་མཉམ་དང་བརྩི་འཇོག ཡིད་ཆེས་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། དངོས་ཡོད་དང་མཐུན་པར་ཕན་ཚུན་ལ་ལྟ་སྟངས་ཡག་པོ་འཛིན་པ་དང་སྒོ་འབྱེད་མཉམ་ལས་ལ་ཡར་སྐུལ་བྱས་ཏེ། མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས་ཟེར།

སུའུ་ཀྲོའུ་རུ་སྐབས་ལྔ་བའི་ཀྲུང་གོ་དང་ཧྥ་རན་སིའི་རིག་གནས་གླེང་སྟེགས་ལ་ཞུགས་བཞིན་པའི་ཧྥ་རན་སིའི་སྔོན་ཆད་ཀྱི་ཙུང་ལི་ལཱ་ཧྥ་ལན་གྱིས་བརྙན་རིས་ཞུ་ཚིག་ཕུལ། ཁོས་བསྟན་དོན། དེང་སྐབས་ཀྱི་འཛམ་གླིང་ལ་འགྱུར་ལྡོག་མང་བས་འཕེལ་རྒྱས་དང་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཧྥ་རན་སི་དང་ཀྲུང་གོས་འཛམ་གླིང་གི་ཞི་བདེ་དང་གཏན་འཇགས་ལ་ཤུགས་སྣོན་པར་འབད་འབུངས་བྱེད་བཞིན་ཡོད་ལ། མཉམ་དུ་འཛམ་གླིང་ཡོངས་ཀྱི་ཐུན་མོང་འགྲན་རྩོད་ཐག་གཅོད་བྱེད་བཞིན་ཡོད། སང་ལོ་ནི་ཧྥ་རན་སི་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུ་འགོར་བ་དང་རིག་གནས་ཡུལ་སྐོར་ལོ་ཡིན་པས། མི་གཞུང་བརྗེ་རེས་ཀྱིས་སང་ལོའི་དགའ་སྟོན་རྟེན་འབྲེལ་བྱ་འགུལ་ལ་གསོན་ཤུགས་རྒྱས་པར་བྱེད་སྲིད་ཟེར།

སྐབས་འདིའི་གླེང་སྟེགས་ཀྱི་བརྗོད་སྙིང་ནི་ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུ་བ་དང་སྔར་སྲུང་རྗེས་མཐུད་སྒོས་ཡང་བསྐྱར་ལམ་དུ་ཆས་དགོས་ཞེས་པ་དེ་ཡིན་ལ། བྱ་འགུལ་དེར་ཡན་ལག་གླེང་སྟེགས་གསུམ་བཀོད་སྒྲིག་བྱས་ཏེ། སོ་སོར་འཐབ་ཇུས་དང་དཔལ་འབྱོར། མི་གཞུང་བརྗེ་རེས་བཅས་གནད་དུ་བཟུང་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།