ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་གཉིས་ཀྱིས་ཚེས་བཅུ་བཞི་ཉིན་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་གནད་དོན་ཐད་ནས་ཁ་པར་གྲོས་མོལ་བྱས།
ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ས་ཁུལ་གྱི་ཛ་དྲག་ཆེ་བའི་གནས་བབ་ཐད་ནས་གྲོས་བསྡུར་བྱས་པ་དང་། བྱིས་པ་དང་བུད་མེད་སྟོང་ཕྲག་མང་བོ་འདུས་པའི་མི་སེར་དཀྱུས་མར་ཤི་རྨས་ཐེབས་པར་སེམས་ཁུར་བྱེད་བཞིན་ཡོད། ཕྱོགས་གཉིས་ཀྱིས་ནན་གྱིས་བསྟན་དོན། མྱུར་མོར་ཁྲག་བཞུར་འཁྲུག་རྩོད་མཇུག་སྒྲིལ་བ་དང་བཀག་འཇུག་བྱས་པའི་མི་སྣ་ཕྱིར་གཏོང་བ། བཀག་རྒྱ་མེད་པར་ཅཱ་ཧྲ་ས་ཁུལ་གྱི་མི་སེར་དཀྱུས་མར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར།
བསྒྲགས་པ་ལྟར་ན། ཨུ་རུ་སི་དང་ཨེ་ཅིབ་ཀྱི་ས་ཁུལ་གྱི་འཁྲུག་རྩོད་གནད་དོན་ཐག་གཅོད་བྱེད་པའི་ཐད་ཀྱི་ལྟ་ཚུལ་གཅིག་འདྲ་ཡིན་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་ནས་སྒེར་ཚུགས་ཡིན་ཞིང་། དབྱི་སི་རལ་དང་ཞི་བདེ་མཉམ་གནས་བྱེད་པའི་ཕཱ་ལེ་སི་ཐན་རྒྱལ་ཁབ་ཅིག་འཛུགས་དགོས་པར་འདོད་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།