དབྱི་རག་གི་ཆེས་མཐོའི་ཁྲིམས་ཁང་གིས་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་གྱི་གྲོས་མིའི་ཐོབ་ཐང་མཚམས་འཇོག་ཏུ་བཅུག
2023.11.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

དབྱི་རག་རྒྱལ་ཕྲན་མཉམ་འབྲེལ་གྱི་ཆེས་མཐོའི་ཁྲིམས་ཁང་གིས་ཚེས་བཅུ་བཞི་ཉིན་ཆོད་དོན་སྤེལ་ཏེ། དབྱི་རག་གི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཧཱ་པུའུ་ཞེ་ལ་ཁྲིམས་འགལ་གྱི་བྱ་སྤྱོད་ཡོད་པའི་དབང་གིས་ཁོའི་གྲོས་མིའི་ཐོབ་ཐང་མཚམས་འཇོག་ཏུ་བཅུག་ཡོད་ཟེར།

དབྱི་རག་རྒྱལ་ཕྲན་མཉམ་འབྲེལ་གྱི་ཆེས་མཐོའི་ཁྲིམས་ཁང་གི་ཡོན་ཀྲང་ཨོ་མེད་ལི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཐེངས་མང་བོར་ཁྲིམས་རར་གྲོས་ཞིབ་བྱས་པ་བརྒྱུད། ཁྲིམས་ཁང་གིས་ཧཱ་པུའུ་ཞེ་ཡིས་ཁྲིམས་འགལ་གྱི་བྱེད་ཐབས་སྤྱད་དེ་གྲོས་མི་གཞན་པར་བཙན་གྱིས་ལས་སྐྱུར་དགོངས་ཞུ་བྱེད་དུ་བཅུག་པའི་གནས་ཚུལ་ཤེས་ཡོད། ཁྲིམས་ཁང་གི་མཇུག་མཐར་ཧཱ་པུའུ་ཞེ་ཡི་གྲོས་མིའི་ཐོབ་ཐང་མཚམས་འཇོག་ཏུ་འཇུག་རྒྱུ་ཐག་བཅད་པ་ཡིན་ལ། ཆོད་དོན་དེ་ཉིན་དེ་ནས་བཟུང་ནུས་ལྡན་དུ་གྱུར་ཡོད་ཟེར།

ཧཱ་པུའུ་ཞེ་ནི་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དགུ་བར་ཐོག་དང་པོར་དབྱི་རག་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་དུ་བདམས་པ་ཡིན་ལ། ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོར་བསྟུད་འགན་ཁུར་བ་རེད། དབྱི་རག་གི་རྩ་ཁྲིམས་གཏན་འཁེལ་ལྟར་ན། གྲོས་དཔོན་གྱི་ལས་འགན་དེ་ཞོན་ནེ་ཕྱོགས་ཁག་གི་མི་སྣས་ཁུར་དགོས་པ་དང་། གྲོས་དཔོན་གཞོན་པ་གཉིས་སོ་སོར་ཧྲི་ཡེ་ཕྱོགས་ཁག་དང་ཁུའུ་ཨར་ཏི་བའི་ཁྲོད་མས་གདམ་དགོས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།