དབྱི་སི་རལ་གྱི་དམག་དཔུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་ནས་ཕཱ་ལེ་སི་ཐན་གྱི་མི་བརྒྱད་བསད།
2023.11.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37

ཕཱ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་ཚེས་བཅུ་བཞི་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཐུའུ་ལེ་ཁའེ་ཨར་མུའུ་དང་ཞི་པའོ་ལོན་གྲོང་ཁྱེར་ནས་བསྡོམས་པས་ཕཱ་ལེ་སི་ཐན་གྱི་མི་བརྒྱད་བསད་ཟེར།

ཕཱ་ལེ་སི་ཐན་གྱི་བདེ་འཇགས་སྡེ་ཁག་གི་མི་སྣས་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཐུའུ་ལེ་ཁའེ་ཨར་མུའུ་ཡུལ་གྱར་བའི་སྒར་ས་ནས་དམག་དོན་འགུལ་སྐྱོད་སྤེལ་བ་དང་། ས་དེའི་ཕཱ་ལེ་སི་ཐན་གྱི་མིའི་བར་འཁྲུག་རྩོད་བྱུང་། ཡུལ་དངོས་ནས་མེ་མདའ་དང་འགས་གཏོར་གྱི་སྒྲ་ཆེན་པོ་ཐོས་ཐུབ་ཟེར། ཕཱ་ལེ་སི་ཐན་གྱི་འཕྲོད་བསྟེན་པུའུ་ཡིས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་འཁྲུག་རྩོད་ཁྲོད་བསྡོམས་པས་ཕཱ་ལེ་སི་ཐན་གྱི་མི་བདུན་བསད་ཡོད་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་གྱི་དྲག་ཆས་ཉེས་ཅན་གྱིས་འཁྲུག་རྩོད་བྱེད་སྐབས་དབྱི་སི་རལ་གྱི་དམག་དཔུང་ལ་འགད་རྫས་བཀོལ་ནས་འཇབ་རྒོལ་བྱས་པ་དང་། དེའི་ལན་དུ་དབྱི་སི་རལ་གྱི་དམག་དཔུང་གིས་མི་བསྡད་མེད་པའི་གནམ་གྲུ་བཀོལ་ནས་འགས་གཏོར་བཏང་བ་ཡིན་ཟེར།

གཞན་ཡང་ཕཱ་ལེ་སི་ཐན་གྱི་འཕྲོད་བསྟེན་པུའུ་ཡིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་བཅུ་བཞི་ཉིན་གྱི་ཞོགས་པར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཞི་པའོ་ལོན་གྲོང་ཁྱེར་ནས་ལོ་ཉི་ཤུ་ཅན་གྱི་ཕཱ་ལེ་སི་ཐན་གྱི་ན་གཞོན་ཞིག་བསད་ཡོད་ཟེར། དབྱི་སི་རལ་ཕྱོགས་ཀྱིས་གནས་སྐབས་སུ་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།