འགྲུལ་སྐྱེལ་རླངས་འཁོར་ཞིག་རྒྱ་གར་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ས་ཁུལ་ནས་གྲོག་རོང་དུ་ལྷུང་ནས་ཉུང་མཐར་ཡང་མི་སོ་དྲུག་རྐྱེན་ལམ་དུ་ཤོར།
2023.11.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

འགྲུལ་སྐྱེལ་རླངས་འཁོར་ཞིག་ཚེས་བཅོ་ལྔ་ཉིན་རྒྱ་གར་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ས་ཁུལ་ནས་གྲོག་རོང་དུ་ལྷུང་སྟེ། ཉུང་མཐར་ཡང་མི་སོ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་དགུར་རྨས་ཕོག

དྷི་ལེ་གསར་བའི་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། མི་ང་ལྔ་དྲུད་ཡོད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་རྒྱ་གར་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ལྷོ་ཕྱོགས་ཀྱི་ཏའོ་ཏཱ་ས་ཁུལ་གྱི་རི་ལམ་ཞིག་ཏུ་བགྲོད་སྐབས། གློ་བུར་དུ་གཞུང་ལམ་གྱི་འགོག་ར་ལས་བརྒལ་ནས་གཏིང་ཚད་ལ་སྨིད་ཉིས་བརྒྱ་ལྷག་ཡོད་པའི་གྲོག་རོང་དུ་ལྷུང་བ་རེད་ཟེར།

ས་དེའི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ཡོད་པ་དང་། དེའི་ནང་ཉུང་མཐར་ཡང་མི་དྲུག་གི་རྨས་སྐྱོན་ཚབས་ཆེན་རེད་ཟེར། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། ཐེག་ཚད་ལས་བརྒལ་བ་དང་མྱུར་ཚད་མགྱོགས་པ་ནི་དོན་རྐྱེན་དེའི་འབྱུང་རྐྱེན་ཡིན་ངེས་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།