སྐབས་བདུན་པའི་ལའོ་ཝའོ་སྲིད་གཞུང་དང་ཀྲུང་གོའི་དངུལ་གཏོང་ཁེ་ལས་ཀྱི་གྲོས་མོལ་ཚོགས་འདུ་ཚེས་བཅུ་བཞི་ཉིན་ལའོ་ཝའོ་ཡི་རྒྱལ་ས་ཝན་ཞང་ནས་བསྡུས།
ལའོ་ཝའོ་སྲིད་གཞུང་གི་པུའུ་ཨུ་སོ་སོའི་འགན་ཁུར་བ་དང་། ལའོ་ཝའོ་རུ་ཡོད་པའི་ཀྲུང་གོའི་དངུལ་གཏོང་ཁེ་ལས་ཀྱི་འཐུས་མི་བཅས་བསྡོམས་པས་མི་བརྒྱ་ལྷག་གིས་ཀྲུང་གོའི་ཁེ་ལས་ལ་ལའོ་ཝའོ་ཡི་དངུལ་གཏོང་ཚོང་གཉེར་ཁྲོད་འཕྲད་པའི་གནད་དོན་ཐད་ནས་དྲི་བར་ལན་བཏབ།
ལའོ་ཝའོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་གནས་སྐབས་ཚབ་སྒྲུབ་པ་ཝང་ཁྲང་དང་ལའོ་ཝའོ་ཡི་འཆར་འགོད་དངུལ་གཏོང་པུའུ་ཀྲང་ཁན་ཅན་གཉིས་ཀྱིས་མཉམ་དུ་གྲོས་མོལ་ཚོགས་འདུར་མགོ་འཛིན་བྱས།
ཝང་ཁྲང་གིས་ཞུ་ཚིག་འབུལ་སྐབས་ནན་གྱིས་བསྟན་དོན། ཕྱོགས་ཁག་སོ་སོས་མཐོ་རིམ་བར་གྱི་ཐུན་མོང་ལྟ་ཚུལ་དངོས་འབེབས་བྱེད་པ་དང་། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ལ་སྐུལ་འདེད་གཏོང་བའི་ཐད་བསམ་འཆར་གཅིག་སྡུད་བྱས་ཏེ་རང་རང་གི་འདོད་བློ་སྦ་གསང་མེད་པར་བཤད་ནས། ཀྲུང་གོའི་ཁེ་ལས་ཀྱི་མདུན་དུ་ལྷགས་པའི་གནད་དོན་ཟོལ་མེད་ཀྱིས་ཐག་གཅོད་བྱེད་པར་བློ་འདོན་ཇུས་འབུལ་བྱས་པ་དང་། ཀྲུང་གོ་དང་ལའོ་ཝའོ་ཡི་དཔལ་འབྱོར་ཉོ་ཚོང་མཉམ་ལས་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ་ཀྲུང་གོ་དང་ལའོ་ཝའོ་ཡི་ལས་སྐལ་ཐུན་མོང་ཚོགས་པའི་འཛུགས་སྐྲུན་བྱེད་པར་ནང་དོ་གསར་བ་ཁ་སྣོན་བྱས་པ་དང་སྒུལ་ཤུགས་གསར་བ་སྣོན་པར་རེ་སྒུག་བྱས་ཡོད་ཟེར།
ལའོ་ཝའོ་དང་ཀྲུང་གོའི་ལྕགས་ལམ་ཚད་ཡོད་ཀུང་ཟི་སོགས་ཀྲུང་གོའི་དངུལ་གཏོང་ཁེ་ལས་སམ་ལས་ཁུངས་དྲུག་གི་འཐུས་མིས་ལའོ་ཝའོ་ཡི་དངུལ་གཏོང་ཚོང་གཉེར་ཁྲོད་ཀྱི་ཁྱབ་ཁོངས་བཅུའི་གནད་དོན་ཉེར་གཅིག་ཐད་ནས་ལའོ་ཝའོ་ཕྱོགས་དང་གྲོས་མོལ་བྱས་པ་དང་། ལའོ་ཝའོ་ཡི་འབྲེལ་ཡོད་སྡེ་ཁག་གི་འཐུས་མིས་གནད་དོན་ལ་བརྗེ་རེས་ཕྱིར་ལྡོག་བྱས།
མཚམས་སྦྱོར་བྱས་པ་ལྟར་ན། ལའོ་ཝའོ་སྲིད་གཞུང་དང་ཀྲུང་གོའི་ཁེ་ལས་ཀྱི་གྲོས་མོལ་ཚོགས་འདུ་ནི་ལའོ་ཝའོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་དཔལ་འབྱོར་ཚོང་དོན་ཁྲུའུ་དང་ལའོ་ཝའོ་སྲིད་གཞུང་སྡེ་ཁག་གིས་མཉམ་དུ་སྤེལ་བ་ཡིན་ལ། དེའི་སྔོན་གྲོས་མོལ་ཚོགས་འདུ་སྐབས་དྲུག་བདེ་བླག་ངང་སྤེལ་མྱོང་བ་དང་། རིམ་བཞིན་དུ་ཀྲུང་གོའི་དངུལ་གཏོང་ཁེ་ལས་དང་ལའོ་ཝའོ་སྲིད་གཞུང་བར་འབྲེལ་འདྲིས་བརྗེ་རེས་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།