མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་བཞི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་དྲུང་ཡིག་ཁྲུའུ་ཡིས་ཉིན་དེར་སྤེལ་བའི་སྙན་ཞུ་གསར་བར་དམིགས་ནས་གཏམ་བཤད་སྤེལ་ཏེ། མི་འགྱངས་པར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏིས་པེད་ནས་བསྡུ་རྒྱུ་ཡིན་པའི་སྐབས་ཉེར་བརྒྱད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་ནས་ཧུར་ཐག་སྒོས་རྒྱལ་ཁབ་སོ་སོའི་ནམ་ཟླའི་བཅོས་བསྒྱུར་སྤོབས་སེམས་ཀྱི་བར་ཁྱད་ཇེ་ཆུང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་དྲུང་ཡིག་ཁྲུའུ་ཡི་སྙན་ཞུ་གསར་བ་ལྟར་ན། རྒྱལ་ཁབ་སོ་སོའི་ནམ་ཟླའི་འགུལ་སྐྱོད་འཆར་གཞི་ལས་དུས་རབས་འདིའི་དུས་མཇུག་བར་འཛམ་གླིང་ཡོངས་ཀྱི་དྲོད་ཚད་ཇེ་མཐོར་འགྲོ་ཚད་དྲོད་གྲངས་གཅིག་དང་གྲངས་ཆུང་ལྔའི་ནང་ཚོད་བྱེད་དཀའ་ལ། ཕཱ་རེ་སིའི་གྲོས་ཆོད་ཀྱི་དམིགས་འབེན་མངོན་འགྱུར་བྱེད་ཐབས་མེད་པ་རེད།
ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ནམ་ཟླའི་འགྱུར་ལྡོག་གི་དགོས་མཁོ་དང་འགུལ་སྐྱོད་བར་གྱི་བར་ཁྱད་ལ་སྔོན་ཆད་ཀྱི་དུས་སྐབས་གང་རུང་ལས་འཇིགས་ཉེན་ཆེ་བར་མངོན་པས། ནམ་ཟླའི་འགུལ་སྐྱོད་ཐད་ནས་རིམ་བཞིན་སྐུལ་འདེད་གཏོང་བ་མི་རུང་ལ། ངེས་པར་དུ་དྲོད་རླངས་ཕྱིར་གཏོང་མེད་པའི་དུས་ཚོད་རེའུ་མིག་མངོན་འགྱུར་བྱེད་དགོས་ཟེར།
ཁོས་ནན་གྱིས་བསྟན་དོན། རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་ངེས་པར་དུ་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ། དགོས་ངེས་ཀྱི་ནོར་སྲིད་རྒྱབ་སྐྱོར་དང་མཉམ་ལས་གྲོགས་པོའི་འབྲེལ་བ་འདོན་སྤྲོད་བྱས་ནས། རྒྱལ་ཁབ་རང་གི་ནམ་ཟླའི་འཆར་གཞིའི་སྤོབས་སེམས་མཐོར་འདེགས་གཏོང་དགོས་པར་མ་ཟད། འཆར་གཞི་དེ་དག་མྱུར་མོར་ལག་ལེན་དུ་བསྟར་དགོས་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་ཏིས་པེད་ཚོགས་ཆེན་དེ་ཟླ11ཚེས30ཉིན་ནས་ཟླ12ཚེས12ཉིན་བར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏིས་པེད་ནས་བསྡུ་རྒྱུ་ཡིན་པ་དང་། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོས་ཕཱ་རེ་སིའི་གྲོས་ཆོད་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཐོག་དང་པོར་རྩིས་བཤེར་བྱེད་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།