མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱེ་འགྱུར་ཅན་འགོག་བཅོས་བྱེད་པའི་སྤྱི་ཆིངས་ཀྱི་དྲུང་ཡིག་ཁྲུའུ་ཡིས་ཉེ་སྔོན་སྤྱི་ཆིངས་ལག་བསྟར་གནས་ཚུལ་གྱི་གྲོས་ཞིབ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པའི་སྟེང་། བྱེ་རླུང་དྲག་པོ་ནི་ངོས་ཟིན་གསལ་བོ་བྱུང་མེད་པའི་གནད་དོན་ཅིག་ཡིན་ལ། མིག་སྔར་འཛམ་གླིང་ཡོངས་ཀྱི་ས་ཁུལ་ལ་ལར་བྱུང་ཚད་ཇེ་མང་དུ་འགྲོ་བཞིན་ཡོད་པའི་ཉེན་བརྡ་བཏང་བ་དང་། དེའི་ནང་ཉུང་མཐར་ཡང་བརྒྱ་ཆའི་ཉེར་ལྔའི་བྱེ་རླུང་དྲག་པོ་ནི་མིའི་རིགས་ཀྱི་འགུལ་སྐྱོད་ལས་བྱུང་བ་རེད་ཟེར།
དྲུང་ཡིག་ཁྲུའུ་ཡིས་བསྟན་དོན། མིག་སྔར་ལོ་རེར་ཚོད་དཔག་བྱས་ན་བྱེ་རྡུལ་ཏུན་ཐེར་འབུམ་གཉིས་རླུང་ཁམས་སུ་ཁུར་བཞིན་ཡོད་པ་དང་། ས་ཁུལ་ལ་ལར་བྱེ་རླུང་བྱུང་ཚད་དུས་རབས་སྔོན་མ་ལས་ལྡབ་གཅིག་གིས་ཇེ་མང་དུ་སོང་ཡོད་ཟེར།
དྲུང་ཡིག་ཁྲུའུ་ཡི་ཆེད་མཁས་པས་བསྟན་དོན། བྱེ་རླུང་དྲག་པོ་ནི་རྒྱུན་མཐོང་གི་ས་ཁོངས་རང་བཞིན་དང་དུས་ཚིགས་རང་བཞིན་ལྡན་པའི་རང་བྱུང་སྣང་ཚུལ་ཞིག་ཡིན་ཡང་། ས་ཞིང་དང་ཆུའི་ཐོན་ཁུངས་ཀྱི་དོ་དམ་ནུས་ལྡན་མིན་པ་དང་། ཐན་པ་དང་ནམ་ཟླའི་འགྱུར་ལྡོག་དབང་གིས་ཚབས་ཇེ་ཆེར་འགྲོ་བཞིན་ཡོད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་ལག་རྩལ་དཔོན་རིགས་ཆི་ཡཱ་ཏཱ་ཐི་ཡིས་བཤད་རྒྱུར། བྱེ་རླུང་དྲག་པོས་ཁོར་ཡུག་དང་ནམ་ཟླ། བདེ་ཐང་། ཞིང་ལས། འཚོ་སྡོད། དེ་མིན་མི་སྒེར་དང་སྤྱི་ཚོགས་ཀྱི་དཔལ་འབྱོར་ཕན་བདེ་སོགས་ཕྱོགས་སོ་སོར་ཤུགས་རྐྱེན་ཐེབས་ཡོད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱེ་འགྱུར་ཅན་འགོག་བཅོས་བྱེད་པའི་སྤྱི་ཆིངས་ཀྱི་དྲུང་ཡིག་ཁྲུའུ་ཡི་ལག་བསྟར་དྲུང་ཡིག་ཆེན་མོ་དབྱེ་པུའུ་ལཱ་ཞིན་ཏིས་ཨོ་ཡིས་བསྟན་དོན། བྱེ་རླུང་དྲག་པོས་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པར་ཛ་དྲག་གི་འགྲན་རྩོད་བཟོས་ཡོད་ཅིང་། ཨེ་ཤ་ཡཱ་བྱང་མ་དང་དབུས་མ། སཱ་ཧཱ་ལཱའི་ལྷོ་ངོས་ཀྱི་ཨ་ཧྥེ་རི་ཁ་གླིང་སོགས་སུ་བྱེ་རླུང་དྲག་པོས་གཏོར་བརླག་ཚབས་ཆེན་ཐེབས་ཡོད་ལ། མིའི་རིགས་ཀྱི་འགུལ་སྐྱོད་ལས་བྱེ་རླུང་དྲག་པོ་སྣང་ཚུལ་ཚབས་ཆེན་དུ་བསྒྱུར་བ་བཞིན་དུ་མིའི་རིགས་ཀྱི་འགུལ་སྐྱོད་ལས་བྱེ་རླུང་དྲག་པོའི་འབྱུང་ཚད་ཇེ་ཉུང་དུ་ཡང་གཏོང་ཐུབ་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།