སི་ཕན་གྲོས་ཁང་གིས་ཚེས་བཅུ་དྲུག་ཉིན་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ་བ་དང་། བཟོ་བའི་སྤྱི་ཚོགས་ཏང་གི་གཙོ་འཛིན་སིང་ཆེ་སི་ཡིས་བསྟུད་མར་སི་ཕན་གྱི་དབུ་བཞུགས་བློན་ཆེན་གྱི་འགན་ཁུར།
གྲོས་ཁང་གིས་ཉིན་དེར་སྤེལ་བའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད། སིང་ཆེ་སི་ལ་འདེམ་ཤོག་བརྒྱ་དང་དོན་དགུ་ཡིད་འཐད་བྱུང་བ་དང་། འདེམ་ཤོག་བརྒྱ་དང་དོན་གཅིག་གིས་ངོ་རྒོལ་བྱེད་པའི་མཇུག་འབྲས་ཀྱིས་དབུ་བཞུགས་བློན་ཆེན་དུ་བདམས་པར་མཁོ་བའི་ཕྱེད་གྲངས་ལས་བརྒལ་བའི་འདེམ་ཤོག་གི་རྒྱབ་སྐྱོར་ཐོབ་ཡོད། ཡིད་འཐད་བྱུང་བའི་འདེམ་ཤོག་འཕེན་མཁན་ལ་གཡོན་ཕྱོགས་སྲིད་ཏང་བཟོ་བའི་སྤྱི་ཚོགས་ཏང་དང་སུའུ་མཱ་ཨར་ཏང་། ས་ཁུལ་རང་བཞིན་གྱི་སྲིད་ཏང་རེ་འགའ་བཅས་ཡོད་ལ། མི་དམངས་ཏང་སོགས་གཡས་ཕྱོགས་ཏང་ཁག་གིས་ངོ་རྒོལ་བྱེད་པའི་འདེམ་ཤོག་འཕངས་པ་རེད།
ད་ལོའི་ཟླ་བདུན་པར་སྤེལ་བའི་སི་ཕན་གྱི་གྲོས་ཁང་གི་འདེམ་བསྐོའི་ཁྲོད། སིང་ཆེ་སི་ཡིས་མགོ་ཁྲིད་པའི་བཟོ་བའི་སྤྱི་ཚོགས་ཏང་ལ་གྲོས་ཁང་གི་ལས་གནས་སུམ་བརྒྱ་དང་ལྔ་བཅུའི་ཁྲོད་ཀྱི་བརྒྱ་དང་ཉེར་གཅིག་ཐོབ་སྟེ། ཧྥེ་ཧའོ་ཡིས་མགོ་ཁྲིད་པའི་མི་དམངས་ཏང་གི་རྗེས་ཀྱི་གྲོས་ཁང་གི་ཏང་ཁག་ཆེན་མོ་ཨང་གཉིས་པར་གྱུར་བ་རེད།
དེའི་སྔོན་ཧྥེ་ཧའོ་ལ་སི་ཕན་གྱི་རྒྱལ་བོ་ཧྥེ་ལེ་ཕའེ་སྐུ་ཕྲེང་དྲུག་པས་དབུ་བཞུགས་བློན་ཆེན་གྱི་འདེམ་སྒུག་པར་མིང་འདོན་བྱས་ཀྱང་། ཟླ་དགུ་བའི་སྐོར་ཐེངས་གཉིས་ཀྱི་གྲོས་ཁང་གི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད་ཕམ་ཉེས་བྱུང་བས་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་མ་ཐུབ་པས། ཧྥེ་ལེ་ཕའེ་སྐུ་ཕྲེང་དྲུག་པས་ཡང་བསྐྱར་སིང་ཆེ་སི་དབུ་བཞུགས་བློན་ཆེན་གྱི་འདེམ་སྒུག་པར་མིང་འདོན་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།