ཅོར་ཏན་གྱི་ཕའེ་ཐི་ལས་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཅོར་ཏན་དྲག་ཆས་དམག་དཔུང་གིས་ཚེས་བཅུ་དྲུག་ཉིན་ཕཱ་ལེ་སི་ཐན་གྱི་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ནཱ་པུའུ་ལུའུ་སི་རུ་གཡུལ་སའི་སྨན་ཁང་ཞིག་མངག་གཏོང་བྱས་ཡོད་ཟེར།
བསྒྲགས་པ་ལྟར་ན། སྨན་ཁང་དེར་ཆེད་ལས་སོ་སོ་ནས་ཡོང་བའི་སྨན་བཅོས་ཀྱི་ཚོགས་ཁག་ཡོད་ལ་སྨན་བཅོས་ཀྱི་སྒྲིག་ཆས་སྣ་ཚོགས་འཐུས་སྒོ་ཚང་བ་དང་། ནཱ་པུའུ་ལུའུ་སིའི་མི་དམངས་ལ་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་པར་འབད་བཞིན་ཡོད། སྨན་ཁང་དེ་རླངས་འཁོར་བདུན་གྱིས་གྲུབ་ཡོད་ཅིང་། དེའི་ནང་གཤགས་བཅོས་རང་གཉིས་དང་ནད་པ་ལྗིད་མོའི་ལྟ་སྐྱོང་ཁང་གཉིས། ཕྱི་ནད་ཚན་ཁག་གི་གཤགས་བཅོས་བྱེད་སར་བཀོལ་བའི་ནད་ཁྲི་བཅོ་ལྔ་ཡོད་པར་མ་ཟད། གཞན་ཡང་ཞིབ་བཤེར་ཁང་དང་སྨན་རྫས་ཁང་། འཕྲོ་འགྱེད་ཚན་ཁག སོ་ནད་ཚན་ཁག དུག་སེལ་ཁང་སོགས་འདུས།
བསྒྲགས་པ་ལྟར་ན། ཅོར་ཏན་གྱི་དྲག་ཆས་དམག་དཔུང་གིས་ནན་གྱིས་བསྟན་དོན། ཅཱ་ཧྲ་ས་ཁུལ་དུ་མངག་གཏོང་བྱས་པའི་ཅོར་ཏན་གཡུལ་སའི་སྨན་ཁང་དང་། ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཅེ་ཉིང་གཤགས་བཅོས་ས་ཚིགས། ལཱ་མུའུ་ཨན་ལཱའི་གཤགས་བཅོས་ས་ཚིགས་བཅས་སྨན་བཅོས་ལས་ཁུངས་ཀྱིས་མུ་མཐུད་དུ་ལས་གཉེར་བྱེད་རྒྱུ་ཡིན་ཟེར།
ཟླ་འདིའི་ཚེས་དྲུག་ཉིན། ཕའེ་ཐི་ལཱ་འཕྲིན་གཏོང་ཁང་གིས་དྲངས་པའི་ཅོར་ཏན་དྲག་ཆས་དམག་དཔུང་གི་གནས་ཚུལ་ལྟར་ན། སྐམ་སའི་རྒྱུ་ལམ་ནས་ཅཱ་ཧྲ་ས་ཁུལ་དུ་རྒུད་སྐྱོབ་དངོས་རྫས་སྐྱེལ་འདྲེན་བྱེད་པར་དལ་འགོར་བྱས་པའི་དབང་གིས་ཅཱ་ཧྲ་ས་ཁུལ་གྱི་ཅོར་ཏན་གཡུལ་སའི་སྨན་ཁང་གི་སྨན་བཅོས་ཡོ་བྱད་ཚར་ལ་ཉེ་བ་བ་དང་། ཅོར་ཏན་གྱི་མཁའ་དམག་གིས་ཉིན་དེར་གཡུལ་སའི་སྨན་ཁང་དེར་མྱུར་མཁོའི་སྨན་བཅོས་མཁོ་དངོས་དག་བར་སྣང་ནས་འཕངས་པ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།