དབྱི་སི་རལ་གྱི་རྒྱལ་ཁབ་བདེ་འཇགས་ཀྱི་བློ་འདོན་པ་ཧཱ་ནེ་ཀི་པུས་ཀྱིས་ཚེས་བཅུ་བདུན་ཉིན་བདེན་དཔང་བྱས་དོན། དབྱི་སི་རལ་གྱི་སྲིད་འཛིན་ལས་ཁུངས་ཀྱིས་ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་ཨ་མེ་རི་ཁས་དབྱི་སི་རལ་ལ་བཏོན་པའི་དམིགས་བསལ་རེ་བར་ཡིད་འཐད་བྱུང་སྟེ། ཉིན་རེར་འབར་རྫས་དྲུད་པའི་དངོས་སྐྱེལ་རླངས་འཁོར་གཉིས་ཅཱ་ཧྲ་ས་ཁུལ་དུ་འགྲོ་བར་ཆོག་མཆན་བཀོད་པ་དང་། ཅཱ་ཧྲ་ས་ཁུལ་གྱི་ཐོར་ལ་ཉེ་བའི་བཙོག་ཆུའི་ཐག་གཅོད་མ་ལག་འཁོར་སྐྱོད་བྱེད་དུ་འཇུག་རྒྱུ་ཡིན་ཟེར།
ཧཱ་ནེ་ཀི་པུས་ཀྱིས་ཚེས་བཅུ་བདུན་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། བཙོག་ཆུའི་ཐག་གཅོད་མ་ལག་ཐོར་ཞིག་ཏུ་སོང་ན་ཅཱ་ཧྲ་ས་ཁུལ་དུ་རིམས་ནད་རྒྱ་ཆེར་མཆེད་པའི་ཉེན་ཁ་ཡོད་ལ། དེ་ལས་ཕཱ་ལེ་སི་ཐན་གྱི་མི་སེར་དཀྱུས་མ་དང་གནས་དེར་ས་ངོས་འགུལ་སྐྱོད་སྤེལ་བཞིན་པའི་དབྱི་སི་རལ་གྱི་དམག་མི་སྟོང་ཕྲག་འགར་ཤུགས་རྐྱེན་ཐེབས་སྲིད་ཟེར། ཧཱ་ནེ་ཀི་པུས་ཀྱིས་བཤད་རྒྱུར། གལ་ཏེ་རིམས་ནད་བྱུང་ན་དབྱི་སི་རལ་ཕྱོགས་ཀྱིས་འཐབ་འཁྲུག་མཚམས་མི་འཇོག་ཐབས་མེད་ཡིན་ཟེར།
ཧཱ་ནེ་ཀི་པུས་ཀྱིས་བཤད་པ་ལྟར་ན། འབར་རྫས་དེ་དག་ནི་ཐེངས་འདིའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཐབ་འཁྲུག་མ་བྱུང་སྔོན་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་ཉིན་རེ་བཞིན་རྒྱུན་ལྡན་ལྟར་མཁོ་འདོན་བྱེད་པའི་བརྒྱ་ཆའི་གཉིས་ནས་བརྒྱ་ཆའི་བཞི་ཙམ་ལས་མེད་ཟེར།
མིག་སྔའི་དབྱི་སི་རལ་གྱི་དམག་དཔུང་གི་ཅཱ་ཧྲ་ས་ཁུལ་གྱི་འཐབ་འཁྲུག་གནས་ཚུལ་གླེང་སྐབས་ཧཱ་ནེ་ཀི་པུས་ཀྱིས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་མིག་སྔར་དམིགས་འབེན་རེ་རེ་བཞིན་ཡོངས་འགྲུབ་བྱེད་བཞིན་ཡོད་ཅིང་། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་དང་ཕཱ་ལེ་སི་ཐ་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧཱ་ཏི་ཡི་དམག་དོན་དང་མགོ་ཁྲིད་སྟོབས་ཤུགས་ཚར་གཅོད་མ་བྱས་གོང་དབྱི་སི་རལ་གྱིས་འཁྲུག་རྩོད་མཚམས་འཇོག་མི་སྲིད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།