མུའུ་དབྱེ་ཙི་ཡིས་དམ་བཅའ་བཞག་སྟེ་མར་ཏའེ་ཝེའི་ཙུང་ཐུང་གི་འགན་ཁུར།
2023.11.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

མར་ཏའེ་ཝེའི་གསར་དུ་བདམས་པའི་ཙུང་ཐུང་མུའུ་དབྱེ་ཙི་ཡིས་ཚེས་བཅུ་བདུན་ཉིན་རྒྱལ་ཁབ་དེའི་རྒྱལ་ས་མཱ་ལོས་སྤྱི་མཐུན་རྒྱལ་ཁབ་ཐང་ཆེན་ནས་སྤེལ་བའི་གྲོས་ཁང་གི་དམིགས་བསལ་གྲོས་ཚོགས་སྟེང་དམ་བཅའ་བཞག་སྟེ་ལས་འགན་ཁུར།

མུའུ་དབྱེ་ཙི་ཡིས་དེའི་རྗེས་སུ་ལས་འགན་ཁུར་བའི་གཏམ་བཤད་སྤེལ་ཏེ། རྒྱལ་ཁབ་ཀྱི་སྒེར་ཚུགས་དང་བདག་དབང་ལ་སྲུང་སྐྱོབ་བྱེད་པ་དང་། ཕྱི་ཕྱོགས་བར་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་དགོས་པར་མ་ཟད། མར་ཏའེ་ཝེའི་མི་དམངས་ཀྱི་ཁེ་ཕན་གཙོར་བཟུང་ནས། གནས་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

མུའུ་དབྱེ་ཙི་ཡིས་ཉིན་དེའི་དགོང་མོར་ཁོངས་མི་ཉེར་གཉིས་ཡོད་པའི་སྐབས་གསར་བའི་སྲིད་འཛིན་ལས་ཁུངས་བསྐོ་འཇོག་བྱས། སྲིད་འཛིན་ལས་ཁུངས་གསར་བའི་ཁོངས་མིས་དེའི་རྗེས་སུ་ཙུང་ཐུང་བཞུགས་ཤག་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

མུའུ་དབྱེ་ཙི་ལ་ད་ལོའི་ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་སྤེལ་བའི་མར་ཏའེ་ཝེའི་ཙུང་ཐུང་གི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད་རྒྱལ་ཁ་ཐོབ་ནས། མར་ཏའེ་ཝེའི་སྐབས་གསར་བའི་ཙུང་ཐུང་དུ་བདམས་པ་རེད། མར་ཏའེ་ཝེའི་ཙུང་ཐུང་གི་འགན་ཡུན་ལོ་ངོ་ལྔ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།