སི་ཕན་གྱི་བཟོ་བའི་སྤྱི་ཚོགས་ཏང་གི་གཙོ་འཛིན་སིང་ཆེ་སི་ཡིས་ཚེས་བཅུ་བདུན་ཉིན་དམ་བཅའ་བཞག་སྟེ་སྐབས་གསར་བའི་སི་ཕན་གྱི་དབུ་བཞུགས་བློན་ཆེན་གྱི་ལས་འགན་ཁུར།
ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར། སིང་ཆེ་སི་ཡིས་རྒྱལ་ས་མཱ་ཏི་ལི་རུ་ཡོད་པའི་སཱ་སུའུ་ཨེ་ལཱ་ཕོ་བྲང་ནས། སི་ཕན་གྱི་རྒྱལ་བོ་ཧྥེ་ལེ་ཕའེ་སྐུ་ཕྲེང་དྲུག་པའི་བདེན་དཔང་འོག རྩ་ཁྲིམས་ཀྱི་མདུན་ནས་དམ་བཅའ་བཞག ཁོས་ལྷག་བསམ་རྣམ་དག་གིས་དབུ་བཞུགས་བློན་ཆེན་གྱི་འོས་འགན་ལག་བསྟར་བྱེད་རྒྱུ་མ་ཟད། རྩ་ཁྲིམས་ལ་སྲུང་སྐྱོབ་བྱེད་རྒྱུ་ཁས་ལེན་བྱས། དམངས་གྲོས་ཁང་གི་གྲོས་དཔོན་ཨ་མིན་ཀི་ཨར་སོགས་མཛད་སྒོར་ཞུགས།
ཚོད་དཔག་བྱས་ན་སིང་ཆེ་སི་ཡིས་གཟའ་འཁོར་འདིའི་གཟའ་མཇུག་ཏུ་སྲིད་འཛིན་ལས་ཁུངས་ཀྱི་ཁོངས་མིའི་མིང་ཐོ་གཏན་འཁེལ་བྱེད་རྒྱུ་ཡིན་ལ། གཟའ་འཁོར་རྗེས་མར་སྲིད་འཛིན་ལས་ཁུངས་ཀྱི་གྲོས་ཚོགས་ཐོག་མ་བསྡུ་རྒྱུ་རེད། སྐབས་གསར་བའི་སྲིད་གཞུང་དེ་བཟོ་བའི་སྤྱི་ཚོགས་ཏང་དང་སུའུ་མཱ་ཨར་ཏང་གཉིས་ཀྱིས་མཉམ་འབྲེལ་གྱིས་གྲུབ་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།