ལུ་ཙམ་པོག་སྲིད་གཞུང་གིས་ཚེས་བཅུ་བདུན་ཉིན་སྤེལ་བའི་སྤྱི་སྒྲོག་ལྟར་ན། ལུ་ཙམ་པོག་གི་དབུ་བཞུགས་བློན་ཆེན་གསར་བ་ཧྥོ་ལི་ཏིན་གྱིས་མགོ་ཁྲིད་པའི་སྐབས་གསར་བའི་སྲིད་འཛིན་ལས་ཁུངས་ཀྱིས་ཉིན་དེར་ལུ་ཙམ་པོག་སྲིད་གཞུང་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། སྐབས་གསར་བའི་སྲིད་གཞུང་གི་ལོ་ལྔའི་འགན་ཡུན་མགོ་བརྩམས་པ་རེད།
ཚེས་བཅུ་དྲུག་ཉིན་ཁྱབ་བསྒྲགས་བྱས་པའི་སྲིད་སྐྱོང་འཆར་གཞི་ལྟར་ན། སྐབས་གསར་བའི་སྲིད་གཞུང་གིས་མ་འོངས་པའི་ལོ་ལྔའི་བྱ་བའི་གཙོ་གནད་ལ་དཔྱ་ཁྲལ་གྱི་བཅོས་བསྒྱུར་དང་སྡོད་ཁང་། ཁོར་ཡུག་སྲུང་སྐྱོབ། བདེ་འཇགས། དཔལ་འབྱོར་འགྲན་རྩོད་ནུས་པའི་མཐོར་འདེགས་སོགས་འདུས་ཡོད།
ཟླ་བཅུ་བའི་ཚེས་བརྒྱད་ཉིན་སྤེལ་བའི་ལུ་ཙམ་པོག་གི་གྲོས་ཁང་འདེམ་བསྐོའི་ཁྲོད། ཡེ་ཤུ་ཆོས་ལུགས་སྤྱི་ཚོགས་ཏང་ལ་ལས་གནས་ཉེར་གཅིག་ཐོབ་ནས་གྲོས་ཁང་གི་ཆེས་ཆེ་བའི་ཏང་ཁག་ཏུ་གྱུར་བ་དང་། དམངས་གཙོ་ཏང་ལ་ལས་གནས་བཅུ་བཞི་ཐོབ་ཡོད། ཏང་ཁག་དེ་གཉིས་ལ་ཐོབ་པའི་ལས་གནས་ཀྱི་སྤྱི་གྲངས་དེ་གྲོས་ཁང་གི་ལས་གནས་དྲུག་ཅུའི་ཁྲོད་ཀྱི་ཕྱེད་ཀ་ལས་བརྒལ་ནས། མཉམ་འབྲེལ་དུ་སྲིད་སྐྱོང་བའི་ཐོབ་ཐང་ཐོབ་པ་རེད།
ཟླ་ངོ་གཅིག་ལྷག་ལ་སྲིད་འཛིན་ལས་ཁུངས་རྩ་འཛུགས་ཀྱི་གྲོས་མོལ་བྱས་པ་བརྒྱུད། ཧྥོ་ལི་ཏིན་ཡོད་སའི་ཡེ་ཤུ་ཆོས་ལུགས་སྤྱི་ཚོགས་ཏང་དང་སྔོན་ཆད་ཀྱི་དབུ་བཞུགས་བློན་ཆེན་པེ་ཐེ་ཨར་གྱིས་མགོ་ཁྲིད་པའི་དམངས་གཙོ་ཏང་གིས་སྐབས་གསར་བའི་སྲིད་འཛིན་ལས་ཁུངས་ཀྱི་ཁོངས་མིའི་ཐད་ནས་གྲོས་མཐུན་བྱུང་བ་དང་། ཧྥོ་ལི་ཏིན་གྱིས་དབུ་བཞུགས་བློན་ཆེན་གསར་བའི་འགན་ཁུར་བ་དང་པེ་ཐེ་ཨར་གྱིས་དབུ་བཞུགས་བློན་ཆེན་གཞོན་པའམ་ཕྱི་འབྲེལ་བློན་ཆེན་གྱི་འགན་ཁུར་བར་ཡིད་འཐད་བྱུང་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།