ཕུའུ་ཅིན་གྱིས་ཡིད་ཆེས་ཆེན་པོ་ནི་ཨུ་རུ་སི་དང་ཀྲུང་གོའི་མཉམ་ལས་ལེགས་འགྲུབ་འབྱུང་བའི་རྨང་གཞི་ཡིན་པའི་ཚུལ་བསྟན།
2023.11.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་བདུན་ཉིན་སྐབས་དགུ་བའི་ཧྲིན་པུས་ཏི་པའོ་རྒྱལ་སྤྱིའི་རིག་གནས་གླེང་སྟེགས་ཀྱི་ཚང་འཛོམས་གྲོས་ཚོགས་སྟེང་བཤད་རྒྱུར། ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་དེ་སྔར་མེད་ཀྱི་ཡིད་ཆེས་ཆུ་ཚད་དུ་བསླེབས་ཡོད་ལ། དེ་ནི་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལེགས་འགྲུབ་འབྱུང་བའི་རྨང་གཞི་ཡིན་ཟེར།

ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་དེ་སྔར་མེད་ཀྱི་མཐོ་ཚད་དང་སྤུས་ཚད་དུ་བསླེབས་ཡོད་ལ། དེའི་ནང་རྒྱལ་ཁབ་གཉིས་བར་གྱི་ཡིད་ཆེས་ཀྱི་ཚད་ཀྱང་འདུས་ཡོད། ཨུ་རུ་སི་དང་ཀྲུང་གོའི་མཉམ་འབྲེལ་འཛུགས་སྐྲུན་རང་བཞིན་དེ་འཛམ་གླིང་ཡོངས་ཀྱི་གནས་བབ་གཏན་འཇགས་ཡོང་བར་ཕན་ཐོགས་ཡོད་ཟེར།

ཕུའུ་ཅིན་གྱིས་ད་རུང་བཤད་རྒྱུར། གལ་ཏེ་རིག་གནས་བརྗེ་རེས་དང་མང་ཚོགས་བར་གྱི་འབྲེལ་ཟམ་བཙུགས་མེད་ན། ཨུ་རུ་སི་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་ལས་འབྲེལ་བ་མངོན་འགྱུར་བྱེད་ཐབས་མེད་ཟེར། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅི་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བའི་ཁྲོད་ཀྱི་རིག་གནས་དང་སློབ་གསོ། ལུས་རྩལ་སོགས་ཀྱི་གྲོས་གཞིར་མཐོང་ཆེན་བྱེད་པ་དང་། དེ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་འདྲིས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཨུ་རུ་སི་དང་ཀྲུང་གོའི་མང་ཚོགས་དག་ཕན་ཚུན་གྱི་རིག་གནས་ལ་སྤྲོ་བ་ཆེན་པོ་ཡོད་པས། ཉིས་སྟོང་ཉེར་བཞི་ལོ་ནས་ཉིས་སྟོང་ཉེར་ལྔ་ལོའི་བར་གྱི་ཨུ་རུ་སི་དང་ཀྲུང་གོའི་རིག་གནས་ལོའི་བྱ་འགུལ་ལེགས་འགྲུབ་འབྱུང་སྲིད་པར་ཡིད་ཆེས་ཡོད་ཟེར།

སྐབས་དགུ་བའི་ཧྲིན་པུས་ཏི་པའོ་རྒྱལ་སྤྱིའི་རིག་གནས་གླེང་སྟེགས་དེ་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར་ཨུ་རུ་སིའི་གྲོང་ཁྱེར་ཆེན་མོ་གཉིས་པ་ཧྲིན་པུས་ཏི་པའོ་ནས་བསྡུས། གླེང་སྟེགས་དེ་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་དང་ཨུ་རུ་སིའི་རིག་གནས་པུའུ། ཧྲིན་པུས་ཏི་པའོ་གྲོང་ཁྱེར་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་པ་ཡིན་ཞིང་། ཀྲུང་གོ་དང་དབྱི་ཐཱ་ལེ། དབྱིན་ཇི། ཐུར་ཁེ་སོགས་རྒྱལ་ཁབ་མང་བོའི་འཐུས་མིས་རིག་གནས་བརྗེ་རེས་དང་རིག་གནས་སློབ་གསོ། རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་སོགས་གྲོས་གཞིའི་ཐད་ནས་བརྗེ་རེས་དཔེར་ལེན་བྱས་པར་མ་ཟད། མཉམ་ལས་ལ་གྲོས་བསྡུར་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།