ཨེ་མེ་ནི་ཡཱའི་ཙུང་ལི་ཕཱ་ཧྲི་ནེ་དབྱང་གིས་ཚེས་བཅོ་བརྒྱད་ཉིན་བསྟན་དོན། ཨེ་མེ་ནི་ཡཱ་དང་ཨ་སེ་པེད་ཅང་གིས་རྒྱལ་ཁབ་གཉིས་ཀྱི་ཞི་བདེ་ཆིངས་ཡིག་གི་གནད་འགག་རྩ་དོན་ཐད་ནས་གྲོས་མཐུན་བྱུང་ཡོད་ཟེར།
ཨེ་མེ་ནི་ཡཱའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཕཱ་ཧྲི་ནེ་དབྱང་གིས་ཨེ་མེ་ནི་ཡཱའི་རྒྱལ་ས་ཨེ་ལི་ཝུན་ནས་སྤེལ་བའི་ཡོ་རོབ་གླིང་བདེ་འཇགས་རྩ་འཛུགས་ཀྱི་གྲོས་ཁང་ཚོགས་ཆེན་གྱི་སྟོན་ཁའི་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་གོང་གི་སྐད་ཆ་དེ་བཤད་པ་རེད། ཕཱ་ཧྲི་ནེ་དབྱང་གིས་བཤད་རྒྱུར། རྩ་དོན་དེ་དག་ལ་ཨེ་མེ་ནི་ཡཱའི་མངའ་ཁོངས་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི་གཉིས་དང་སྟོང་དགུ་བརྒྱད་བརྒྱ་ཡིན་པ་དང་ཨ་སེ་པེད་ཅང་གི་མངའ་ཁོངས་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི་བརྒྱད་དང་སྟོང་དྲུག་དྲུག་བརྒྱ་ཡིན་པ་རྨང་གཞིར་བྱས་ནས། ཕན་ཚུན་གྱི་མངའ་ཁོངས་ཆ་ཚང་ཡོང་བ་དང་བདག་དབང་ཁས་ལེན་བྱེད་དགོས་པ་དང་། 1991ལོའི་ཨ་ལཱ་མུའུ་ཐུའུ་བསྒྲགས་གཏམ་དེ་རྒྱལ་ཁབ་གཉིས་ཀྱི་རྒྱལ་མཚམས་དགར་བའི་ཆབ་སྲིད་སྒྲོམ་གཞིར་བྱེད་རྒྱུ་ཁས་ལེན་བྱེད་པ། རང་རང་གི་བདག་དབང་དང་ཁྲིམས་འཛིན་ཁྱབ་ཁོངས་ནང་ས་ཁོངས་བར་གྱི་འགྲིམ་འགྲུལ་འགྲོ་འོང་བཀག་མེད་ཡོང་བ་སྲུང་འཛིན་བྱེད་པ་བཅས་འདུས་ཡོད་ཟེར།
ཨུ་རུ་སི་དང་ཨེ་མེ་ནི་ཡཱ། ཨ་སེ་པེད་ཅང་སོགས་སུའུ་ལེན་གྱི་མནའ་མཐུན་མཉམ་ཞུགས་སྤྱི་མཐུན་རྒྱལ་ཁབ་བཅུ་གཅིག་གི་མགོ་ཁྲིད་པས་1991ལོའི12པའི་ཚེས21ཉིན་ཧཱ་སག་སི་ཐན་གྱི་ཨ་ལཱ་མུའུ་ཐུའུ་ནས་གྲོས་མོལ་བྱས་ཏེ། ཨ་ལཱ་མུའུ་ཐུའུ་བསྒྲགས་གཏམ་བཀོད་ནས། སུའུ་ལེན་མེད་པར་བཏང་བ་ཁྱབ་སྒྲོག་བྱས་པར་མ་ཟད། རྒྱལ་ཁབ་སོ་སོས་ཕན་ཚུན་ཁས་ལེན་དང་ཕན་ཚུན་གྱི་མངའ་ཁོངས་ཆ་ཚང་ཡོང་བ། ད་ཡོད་ཀྱི་རྒྱལ་མཚམས་ལ་གནོད་པ་བཟོ་མི་རུང་བའི་རེ་བ་བཏོན།
བསོད་ནམས་ཚེ་རིང་གིས་བསྒྱུར།