དབྱི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་ཅཱ་ལན་ཐི་ཡིས་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར་ཁྱབ་བསྒྲགས་བྱས་དོན། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་དུ་ས་ངོས་ནས་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར།
ཅཱ་ལན་ཐི་ཡིས་ཉིན་དེའི་དགོང་མོར་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་དང་མཉམ་དུ་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་ནས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ལ་ཆམ་ཕབ་དྲག་པོ་གཏོང་རྒྱུ་མ་ཟད། ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་དུ་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར། ཅཱ་ལན་ཐི་ཡིས་ད་རུང་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་ས་ངོས་འགུལ་སྐྱོད་དུས་རིམ་གཉིས་པར་བསླེབས་ཡོད་པ་དང་། ཧཱ་མཱ་སི་ལ་ཆམ་ཕབ་དྲག་པོ་བཏང་ཡོད་ཟེར།
ཉིན་དེའི་སྔ་དྲོར། ནེ་ཐཱ་ནི་ཡཱ་ཧུའུ་ཡི་མཐོ་རིམ་བློ་འདོན་པ་ལོས་ཀི་ཧྥུའུ་ཡིས་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སི་གྲོང་ཁྱེར་གྱི་སྡོད་དམངས་དག་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། དེ་ནི་མི་སེར་དཀྱུས་མ་དག་ལ་འཐབ་འཁྲུག་གི་གནོད་པ་ཐེབས་སུ་འཇུག་མ་འདོད་པས་ཡིན་ཟེར།
ཕཱ་ལེ་སི་ཐན་གྱི་འཕྲིན་གཏོང་ཁང་གིས་ཚེས་བཅོ་བརྒྱད་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་ཞོགས་པར་ཧན་ཡུག་ནེ་སི་གྲོང་ཁྱེར་གྱི་བཟོ་བཀོད་མང་བོར་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་ཉེར་དྲུག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་རྨས་མ་ཉེར་གསུམ་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། དེའི་ནང་མི་མང་བོའི་རྨས་སྐྱོན་ཚབས་ཆེན་ཡིན་ཟེར། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་གནས་སྐབས་སུ་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།