མཱ་ཁི་ལུང་གིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་མགོ་ཁྲིད་པ་དང་ཁ་པར་གྲོས་མོལ་བྱས་ཏེ་ཕཱ་ལེ་སི་ཐན་གྱི་མི་སེར་དཀྱུས་མར་དམིགས་པའི་དྲག་ཤུགས་བྱ་སྤྱོད་ལ་རྒོལ་གཏམ་བཏང་།
2023.11.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས19ཉིན་སོ་སོར་ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་གཉིས་ལ་ཁ་པར་བཏང་སྟེ། ཅཱ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་གནས་བབ་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པའི་ཚུལ་བསྟན་པར་མ་ཟད། ཕཱ་ལེ་སི་ཐན་གྱི་མི་སེར་དཀྱུས་མར་དམིགས་པའི་དྲག་ཤུགས་བྱ་སྤྱོད་ལ་རྒོལ་གཏམ་བཏང་།

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་ཨེ་ལོས་ཧྲི་ཕོ་བྲང་གིས་ཉིན་དེར་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། མཱ་ཁི་ལུང་གིས་ནེ་ཐཱ་ནི་ཡཱ་ཧུའུ་ལ་ཁ་པར་གཏོང་སྐབས། ཅཱ་ཧྲ་ས་ཁུལ་དུ་མུ་མཐུད་དུ་སྤེལ་བཞིན་པའི་དམག་དོན་འཁྲུག་རྩོད་ལས་བཟོས་པའི་མི་ཆོས་རིང་ལུགས་ཀྱི་གནད་དོན་དང་ཚད་བརྒལ་གྱི་མི་སེར་དཀྱུས་མའི་ཤི་རྨས་དམིགས་སུ་བཀར་ནས་ནན་བཤད་བྱས་པར་མ་ཟད། དབྱི་སི་རལ་གྱིས་ངེས་པར་དུ་དྲག་ཆས་ཉེས་ཅན་དང་ཕཱ་ལེ་སི་ཐན་གྱི་མང་ཚོགས་ལ་ཁྱད་པར་འབྱེད་དགོས་པའི་ཚུལ་བསྟན། མཱ་ཁི་ལུང་གིས་དབྱི་སི་རལ་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་ནས་ཕཱ་ལེ་སི་ཐན་གྱི་མི་སེར་དཀྱུས་མར་དམིགས་པའི་དྲག་སྤྱོད་སྤེལ་བར་སེམས་ཁུར་བྱེད་བཞིན་ཡོད་པའི་ཚུལ་བསྟན་པ་དང་དེར་རྒོལ་གཏམ་བཏང་། ཁོས་དབྱི་སི་རལ་གྱིས་འབད་བརྩོན་ཆེན་པོ་བྱས་ཏེ་དྲག་ཤུགས་བྱ་སྤྱོད་དེ་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

མཱ་ཁི་ལུང་གིས་ཁ་པར་གཏོང་སྐབས་མྱུར་མོར་མི་ཆོས་རིང་ལུགས་ཀྱི་འཐབ་འཁྲུག་རྩོད་མཚམས་འཇོག་པ་དང་མཇུག་མཐར་འཁྲུག་རྩོད་ཞི་འཇགས་སུ་གཏོང་བ་མངོན་འགྱུར་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། འཁྲུག་རྩོད་དེས་ས་ཁུལ་གཞན་པར་ཤུགས་རྐྱེན་ཐེབས་པར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

མཱ་ཁི་ལུང་གིས་ཨ་པཱ་སི་ལ་ཁ་པར་གཏོང་སྐབས། ཅོར་ཏང་གཙང་བོའི་ནུབ་འགྲམ་ནས་བྱུང་བའི་ཕཱ་ལེ་སི་ཐན་གྱི་མི་སེར་དཀྱུས་མར་དམིགས་པའི་དྲག་ཤུགས་བྱ་སྤྱོད་ལ་རྒོལ་གཏམ་བཏང་བ་དང་། ཡང་བསྐྱར་དབྱི་སི་རལ་དབང་འཛིན་ལས་ཁུངས་ཀྱིས་དྲག་ཤུགས་བྱ་སྤྱོད་དེ་རིགས་མཚམས་འཇོག་དགོས་པའི་རེ་བ་བཏོན། ཁོས་ད་རུང་ཕཱ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་དང་ས་ཁུལ་གྱི་རྒྱལ་ཁབ་དག་གིས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་དབྱི་སི་རལ་ལ་འཇབ་རྒོལ་བྱེད་པའི་བྱ་སྤྱོད་ལ་རྒོལ་གཏམ་གཏོང་དགོས་པའི་རེ་བ་བཏོན།

ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་བྲེལ་མྱུར་གནས་ཚུལ་ཐད་ནས་མཱ་ཁི་ལུང་གིས་ཨ་པཱ་སི་ལ་བསྟན་དོན། ཧྥ་རན་སི་ཡིས་སྔར་ལས་ལྷག་པའི་སྒོ་ནས་མ་དངུལ་གྱི་རྒྱབ་སྐྱོར་ཇེ་ཆེར་གཏོང་བ་དང་། མི་ཆོས་རིང་ལུགས་ཀྱི་གནམ་གྲུ་གཏིང་ཐེངས་ཇེ་མང་དུ་གཏོང་རྒྱུ་མ་ཟད། ཅཱ་ཧྲ་ས་ཁུལ་གྱི་རྨས་མ་དང་ཁྱད་པར་དུ་རྨས་སྐྱོན་ཕོག་པའི་བྱིས་པ་དང་ལེན་བྱས་ནས་གསོ་བཅོས་བྱེད་པར་བསམ་བློ་གཏོང་ངེས་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།