དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས19ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་18ཉིན་གྱི་དགོང་མོ་ནས་ཚེས་བཅུ་དགུ་ཉིན་གྱི་ཞོགས་པའི་བར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཅེ་ཉིང་ཡུལ་གྱར་བའི་སྒར་ས་དང་པཱ་ལཱ་ཐཱ་ཡུལ་གྱར་བའི་སྒར་སར་སོ་སོར་འཇབ་རྒོལ་འགུལ་སྐྱོད་སྤེལ། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཨ་མེ་རི་ཁས་འགན་འཁྲི་ཁུར་དུ་བླངས་ཏེ་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་སྔར་ལས་ཚབས་ཆེན་དུ་འགྱུར་བར་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་གསལ་སྒྲོག་ནང་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་མཚན་བརྒྱབ་ནས་འཇབ་རྒོལ་བྱེད་སྐབས་བསྡོམས་པས་ཕཱ་ལེ་སི་ཐན་གྱི་འཛིན་བཟུང་བཀའ་རྒྱ་བཏང་བའི་མི་སྣ་སོ་བརྒྱད་འཛིན་བཟུང་བྱས་པ་དང་། དེའི་ནང་མི་ཉི་ཤུ་ཙམ་གོང་སྨྲས་ཀྱི་ཡུལ་གྱར་བའི་སྒར་ས་ནས་ཡོང་བ་རེད་ཟེར།
ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཚེས18ཉིན་གྱི་དགོང་མོར་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁའི་རྒྱལ་སྤྱིའི་གོ་གནས་དང་དེ་ལས་དབྱི་སི་རལ་ལ་ཐེབས་པའི་ཤུགས་རྐྱེན་ལ་དམིགས་ནས། ཨ་མེ་རི་ཁ་ཕྱོགས་ཀྱིས་དམིགས་བསལ་གྱི་འགན་འཁྲི་ཁུར་དུ་ལེན་དགོས་པ་དང་། ཨ་མེ་རི་ཁས་ངེས་པར་དུ་མྱུར་མོར་ཐེ་གཏོགས་བྱས་ནས་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་བཙན་འཛུལ་བྱ་སྤྱོད་ལ་བཀག་འགོག་བྱེད་པ་དང་། ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་སྔར་ལས་ཚབས་ཆེན་དུ་འགྱུར་བར་བཀག་འགོག་བྱེད་དགོས་ཟེར། ཨ་པཱ་སི་ཡིས་ནན་གྱིས་བསྟན་དོན། ཕཱ་ལེ་སི་ཐན་མི་དམངས་དག་རང་ཁྱིམ་དུ་རང་དབང་གིས་འཚོ་བ་རོལ་དགོས་པ་དང་། ཁོ་ཚོས་རང་གི་ཁྲིམས་མཐུན་ཁེ་དབང་མངོན་འགྱུར་བྱེད་པ་དང་སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་རག་བར་དུ་རང་ཉིད་ཀྱི་ས་ཁོངས་བརྟན་སྲུང་ངེས་ཡིན་ཟེར།
ཕཱ་ལེ་སི་ཐན་གྱི་ཟླ་གསར་དམར་པོ་ཚོགས་པས་ཚེས19ཉིན་གསལ་སྒྲོག་སྤེལ་ཏེ། དེའི་སྔོན་ཅཱ་ཧྲ་ས་ཁུལ་གྱི་ཆེས་ཆེ་བའི་སྨན་ཁང་ཞི་ཧྥ་རུ་ཁགས་ཡོད་པའི་བྱིས་པ་སོ་གཅིག་གནས་དེ་ནས་ཕྱིར་འཐེན་བྱས་པ་དང་། ཕྱིར་འཐེན་བྱ་བ་ནི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་གྱིས་མཐུན་སྦྱོར་བྱས་འོག་ཡོངས་འགྲུབ་བྱས་པ་ཡིན་ལ། བྱིས་པ་དེ་དག་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་སྤར་ཡོད།
ཁཱ་ཐར་ཕྱི་འབྲེལ་པུའུ་ཡིས་ཚེས19ཉིན་གསལ་སྒྲོག་སྤེལ་ཏེ། ཁཱ་ཐར་དྲག་ཆས་དམག་དཔུང་གི་ཁོངས་སུ་གཏོགས་པའི་གནམ་གྲུ་ཞིག་ཉིན་དེར་ཨེ་ཅིབ་ཏུ་འཕུར་བ་དང་། གནམ་གྲུའི་སྟེང་དུ་ཁཱ་ཐར་འཕེལ་རྒྱས་ཐེབས་རྩ་དང་ཁཱ་ཐར་ཟླ་གསར་དམར་པོ་ཚོགས་པ། ཁཱ་ཐར་དགེ་སྒྲུབ་རྩ་འཛུགས་བཅས་ཀྱིས་འདོན་སྤྲོད་བྱས་པའི་ཟས་རིགས་དང་མཁོ་དངོས་གཞན་པ་ཞེ་གཅིག་དྲུད་ཡོད་པ་དང་། དངོས་རྫས་དེ་དག་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།