ཟླ་བཅུ་གཅིག་པའི་ཚེས19ཉིན། འདེམ་དམངས་ཀྱིས་ཨ་ཀིན་ཐིན་གྱི་རྒྱལ་ས་པུའུ་དབྱེ་ནོའུ་སི་ཨེ་ལེ་སི་ཡི་འདེམ་ཤོག་འཕེན་ས་ཞིག་ཏུ་འདེམ་ཤོག་འཕེན་བཞིན་པ།
ཨ་ཀིན་ཐིན་གྱི་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཚེས19ཉིན་སྤེལ་བ་དང་། དབུས་གཡོན་ཕྱོགས་སྲིད་འཛིན་མནའ་འབྲེལ་མེས་རྒྱལ་མནའ་འབྲེལ་གྱི་འདེམ་སྒུག་པ་མཱ་སཱ་དང་གཡས་ཕྱོགས་འདེམ་བསྐོའི་མནའ་འབྲེལ་རང་དབང་མདུན་སྐྱོད་ཏང་གི་འདེམ་སྒུག་པ་མུས་ལའེ་གཉིས་ཀྱིས་ཙུང་ཐུང་ལ་འགྲན་རྩོད་བྱས་པ་རེད།
འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ས་དེའི་ཞོགས་པའི་དུས་ཚོད་བརྒྱད་ནས་མགོ་བརྩམས་པ་དང་། ཕྱི་དྲོའི་དུས་ཚོད་དྲུག་སྟེང་མཇུག་སྒྲིལ། འདེམ་བསྐོའི་བྱ་འགུལ་ལེགས་འགྲུབ་འབྱུང་བར་འགན་སྲུང་བྱེད་ཆེད། ཨ་ཀིན་ཐིན་རྒྱལ་ཡོངས་སུ་དམག་མི་དང་ཉེན་རྟོག་པ་ཁྲི་བརྒྱད་དང་སྟོང་དྲུག་ཙམ་མངག་ནས་སྒྲིག་ལམ་སྲུང་དུ་བཅུག་ཡོད།
སྐོར་ཐེངས་འདིའི་འདེམ་ཤོག་འཕེན་པའི་བྱ་འགུལ་གྱི་ཐོག་མའི་མཇུག་འབྲས་དེ་ཚོད་དཔག་བྱས་ན་ས་དེའི་ཚེས་ཉི་ཤུ་ཉིན་གྱི་ཞོགས་པའི་དུས་ཚོད་གཉིས་ཡས་མས་སུ་ཁྱབ་བསྒྲགས་བྱེད་རྒྱུ་རེད།
ཨ་ཀིན་ཐིན་རྒྱལ་ཁབ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཟླ་འདིའི་ཚེས་གཉིས་ཉིན་ཁྱབ་བསྒྲགས་བྱས་པའི་སྐོར་ཐེངས་དང་པོའི་འདེམ་ཤོག་འཕེན་པའི་མཇུག་མཐའི་འདེམ་ཤོག་རྩིས་ལེན་བྱས་པའི་མཇུག་འབྲས་ལས་མངོན་པ་ལྟར་ན། ཟླ་བཅུ་བའི་ཚེས་ཉེར་གཉིས་ཉིན་སྤེལ་བའི་ཙུང་ཐུང་འདེམ་བསྐོའི་ཁྲོད་འདེམ་སྒུག་པ་གང་རུང་ཐད་ཀར་བདམས་ཐོན་བྱུང་མེད་པས། འདེམ་ཤོག་ཐོབ་ཚད་བརྒྱ་ཆའི་སོ་དྲུག་དང་གྲངས་ཆུང་བདུན་བརྒྱད་ཡིན་པའི་དབུས་གཡས་ཕྱོགས་སྲིད་འཛིན་མནའ་འབྲེལ་མེས་རྒྱལ་མནའ་འབྲེལ་གྱི་འདེམ་སྒུག་པ། ད་ལྟའི་དཔལ་འབྱོར་པུའུ་ཀྲང་མཱ་སཱ་དང་། འདེམ་ཤོག་ཐོབ་ཚད་བརྒྱ་ཆའི་ཉེར་དགུ་དང་གྲངས་ཆུང་དགུ་དགུ་ཡིན་པའི་གཡས་ཕྱོགས་འདེམ་བསྐོའི་མནའ་འབྲེལ་རང་དབང་མདུན་སྐྱོད་ཏང་གི་འདེམ་སྒུག་པ། རྒྱལ་ཚོགས་དམངས་གྲོས་ཁང་གི་གྲོས་མི་མུས་ལའེ་གཉིས་སྐོར་ཐེངས་གཉིས་པའི་འགྲན་རྩོད་ལ་ཞུགས་དགོས་པ་རེད།
ཨ་ཀིན་ཐིན་གྱི་རྩ་ཁྲིམས་གཏན་འཁེལ་ལྟར་ན། ཙུང་ཐུང་འདེམ་སྒུག་མི་སྣར་བརྒྱ་ཆའི་ཞེ་ལྔ་ལས་བརྒལ་བའི་འདེམ་ཤོག་ཐོབ་པའམ་ཡང་ན་བརྒྱ་ཆའི་བཞི་བཅུ་ལས་བརྒལ་བའི་འདེམ་ཤོག་ཐོབ་ནས་འདེམ་ཤོག་ཐོབ་ཚད་དེ་ཨང་གཉིས་པ་ལས་བརྒྱ་ཆའི་གྲངས་གནས་བཅུ་ཡིས་མཐོ་ན་ད་གཟོད་ཐད་ཀར་དུ་གདམ་ཆོག གལ་ཏེ་ཐད་ཀར་གདམ་པའི་ཆ་རྐྱེན་དང་འཚམ་པའི་འདེམ་སྒུག་པ་བྱུང་མེད་ཚེ། འདེམ་ཤོག་ཐོབ་ཚད་ཆེས་མང་བའི་འདེམ་སྒུག་པ་གཉིས་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ཞུགས་ནས། སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་གྱི་འདེམ་ཤོག་ཐོབ་ཚད་ཆེས་མཐོ་བ་དེ་གདམ་པ་ཡིན།
གསར་དུ་བདམས་པའི་ཙུང་ཐུང་གིས་ད་ལོའི་ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན་དངོས་སུ་ལས་འགན་ཁུར་རྒྱུ་ཡིན་པ་དང་། འགན་ཡུན་ལོ་ངོ་བཞི་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།