འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས19ཉིན་རི་ནེ་ཝ་ནས་ཡང་བསྐྱར་ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་དགྲར་འཛིན་འགུལ་སྐྱོད་དང་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་མཇུག་སྒྲིལ་དུ་འཇུག་དགོས་པ་དང་། སྨན་ཁང་དང་རྨང་གཞིའི་སྒྲིག་ཆས་གཞན་པའི་འཇབ་རྒོལ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གསར་འགྱུར་སྤྱི་སྒྲོག་ལས་བཤད་རྒྱུར། རྩ་འཛུགས་དེས་མགོ་ཁྲིད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ཀྱི་མཉམ་འབྲེལ་དཔྱད་འཇོག་ཚན་ཆུང་ཞིག་ཚེས་བཅོ་བརྒྱད་ཉིན་ཅཱ་ཧྲའི་བྱང་ཕྱོགས་ཀྱི་ཞི་ཧྥ་སྨན་ཁང་དུ་འབྱོར་ནས་ཡུལ་དངོས་རྟོག་ཞིབ་བྱས། ཚན་ཆུང་དེའི་ཁོངས་མིར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་དང་བདེ་སྲུང་པུའུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ས་འོག་འགད་རྫས་གཏོར་ལེན་འགུལ་སྐྱོད་ཁྲུའུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་སོགས་ལས་ཁུངས་ཀྱི་དཔོན་རིགས་དང་ཆེད་མཁས་པ། བདེ་འཇགས་མི་སྣ་བཅས་འདུས། དཔྱད་འཇོག་ཚན་ཆུང་གི་ལས་འགན་ནི་དབྱི་སི་རལ་དང་མཉམ་དུ། དེའི་སྔོན་གྲོས་མོལ་བྱས་ནས་གཏན་འཁེལ་བྱས་པའི་བདེ་འཇགས་རྒྱུ་ལམ་བཀག་མེད་ཡོང་བར་འགན་སྲུང་བྱེད་རྒྱུ་དེ་རེད། ཞི་ཧྥ་སྨན་ཁང་གི་ཉེ་འདབས་སུ་འཁྲུག་རྩོད་དྲག་པོ་འབྱུང་བཞིན་ཡོད་པས། དཔྱད་འཇོག་ཚན་ཆུང་གི་ཐེངས་འདིའི་འགུལ་སྐྱོད་ནི་ཉེན་ཁ་ཧ་ཅང་ཆེ་བའི་འགུལ་སྐྱོད་ཅིག་ཡིན་ངེས་རེད།
གསར་འགྱུར་སྤྱི་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་བཅོ་བརྒྱད་ཉིན་སྔར་བཞིན་དུ་ཞི་ཧྥ་སྨན་ཁང་དུ་ཉེན་ཡོལ་བྱེད་པའི་མི་སྟོང་གཉིས་དང་ལྔ་བརྒྱ་གནས་གཞན་དུ་འགྲོ་དགོས་པའི་བཀའ་རྒྱ་བཏང་། དཔྱད་འཇོག་ཚན་ཆུང་གནས་དེར་འབྱོར་སྐབས་ཉེན་ཡོལ་མི་ཚོགས་དང་ནད་པ་མང་བོ། སྨན་ཁང་གི་ལས་བྱེད་མི་སྣ་མང་བོ་སྨན་ཁང་ནས་ཕྱིར་འཐེན་བྱས་ཡོད་པ་དང་། ཞི་ཧྥ་སྨན་ཁང་དུ་མིག་སྔར་ད་རུང་འཕྲོད་བསྟེན་བྱ་བ་བྱེད་མཁན་ཉེར་ལྔ་དང་ནད་པ་ཉིས་བརྒྱ་དང་གོ་གཅིག་ཡོད་པ་རེད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལྟར་ན། མཉམ་འབྲེལ་དཔྱད་འཇོག་ཚན་ཆུང་གིས་བཤད་རྒྱུར། ཞི་ཧྥ་སྨན་ཁང་ལ་མེ་སྒྱོགས་དང་མེ་མདའ་ཕོག་པའི་རྗེས་ཤུལ་གསལ་བོ་ཡོད་ལ། གནས་དེའི་གནས་བབ་ཀྱིས་མི་ཀུན་ལ་རེ་ཆད་ཀྱི་སྣང་བ་སྐྱེས་སུ་འཇུག་སྲིད། ཞི་ཧྥ་སྨན་ཁང་གི་ག་ས་གང་དུ་སྨན་བཅོས་དང་སྲ་གཟུགས་ཀྱི་མཁོ་མེད་དངོས་པོས་ཁེངས་ཡོད་ལ། དེ་ལས་སྨན་ཁང་ནང་གི་མི་སྣར་འགོས་ནད་འབྱུང་བའི་ཉེན་ཁ་ཇེ་ཆེར་བཏང་ཡོད་ཟེར།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གསར་འགྱུར་སྤྱི་སྒྲོག་ནང་བསྟན་དོན། མིག་སྔར་ཞི་ཧྥ་སྨན་ཁང་གིས་ནད་པ་དང་ལེན་བྱེད་ཀྱིན་མེད་པར་གཞིགས་ནས། རྩ་འཛུགས་དེ་དང་མཉམ་ལས་གྲོགས་པོས་མྱུར་མོར་ཞི་ཧྥ་སྨན་ཁང་གི་མི་སྣས་གནས་གཞན་དུ་སྐྱེལ་བའི་འཆར་གཞི་གཏན་འབེབས་བྱེད་བཞིན་ཡོད་པ་དང་། ནད་པ་ལྷག་མ་རྣམ་སྨན་ཁང་དེ་ནས་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ནཱ་སེ་ཨར་སྨན་བཅོས་ལྟེ་གནས་དང་ཅཱ་ཧྲའི་ཡོ་རོབ་གླིང་གི་སྨན་ཁང་དུ་སྤོར་རྩིས་ཡོད་ཟེར།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གཞི་རྒྱ་ཆེ་བའི་སྒོ་ནས་མུ་མཐུད་དུ་བཀག་རྒྱ་མེད་པའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་མྱུར་མོར་འཁྲུག་རྩོད་མཚམས་བཞག་སྟེ་ཆ་རྐྱེན་ཅི་ཡང་མེད་པར་མི་གཏའ་ཚང་མ་ཕྱིར་གཏོང་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།