ཀྲུང་གོ་དང་ཨུ་རུ་སིའི་སྲིད་འཛིན་ཏང་གི་གྲོས་མོལ་རྐྱེན་སྲོལ་གྱི་གྲོས་ཚོགས་ཐེངས་བཅུ་བ་བསྡུས།
2023.11.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་དང་ཨུ་རུ་སིའི་གཅིག་གྱུར་ཨུ་རུ་སི་ཏང་གིས་མཉམ་དུ་གཙོ་སྒྲུབ་བྱས་པའི་ཀྲུང་གོ་དང་ཨུ་རུ་སིའི་སྲིད་འཛིན་ཏང་གི་གྲོས་མོལ་རྐྱེན་སྲོལ་གྱི་གྲོས་ཚོགས་ཐེངས་བཅུ་པ་ཟླ11པའི་ཚེས20ཉིན་བརྙན་རིས་ཀྱི་ལམ་ནས་བསྡུས།

ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་ལིའུ་ཅན་ཁྲའོ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་གྱིས་གྲོས་ཚོགས་ནས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ནས། ཏང་ཁག་གཉིས་ཀྱིས་འཐབ་ཇུས་བརྗེ་རེས་དང་མཉམ་ལས་ཇེ་ཟབ་ཏུ་གཏོང་བར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་གཅིག་གྱུར་ཨུ་རུ་སིའི་ཏང་བར་གྱི་གྲོས་མོལ་རྐྱེན་སྲོལ་སྟེགས་བུ་བེད་སྤྱོད་གང་ལེགས་བྱས་ཏེ། ཆབ་སྲིད་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་སྲིད་ཏང་དང་དཔལ་འབྱོར་ཉོ་ཚོང་། སྲིད་ཏང་དང་ས་གནས་བར་གྱི་མཉམ་ལས་སྦས་ཤུགས་སྔོག་འདོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་རང་རང་གི་འཕེལ་རྒྱས་དར་སྤེལ་དམིགས་འབེན་ལ་ཞབས་འདེགས་ཞུ་འདོད་ཡོད། ཕྱོགས་གཉིས་ཀྱིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་དང་གསེར་གྱོམ་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་སྲིད་ཏང་གི་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། འཛམ་གླིང་ཡོངས་ཀྱི་གྲོས་འདོན་ཆེན་མོ་གསུམ་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་འདྲ་མཉམ་དང་དྲང་བདེན་ལ་སྲུང་སྐྱོབ་བྱས་ཏེ། མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཟེར།

གཅིག་གྱུར་ཨུ་རུ་སིའི་ཏང་གི་ཆེས་མཐོའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀི་ལོས་ཙི་ལོ་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་ཏང་ཁག་གཉིས་ཀྱི་རྐྱེན་སྲོལ་ཅན་གྱི་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་བྱེད་པ། ཕན་ཚུན་གྱི་ཁེ་ཕན་གཙོ་བོར་སྲུང་སྐྱོབ་དང་རྒྱབ་སྐྱོར་བྱེད་པ། ཕྱོགས་མང་བོའི་མཐུན་སྦྱོར་ཇེ་ཟབ་ཏུ་གཏོང་བ། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། སྔར་ལས་འདྲ་མཉམ་དང་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་སྲོལ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་དང་། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་ཆབ་སྲིད་ཞིབ་འཇུག་ཁང་། ཀྲུང་གུང་ཅི་ལིན་ཞིང་ཆེན་ཏང་ཨུ། གཅིག་གྱུར་ཨུ་རུ་སིའི་ཏང་སོགས་ཀྲུང་དབྱང་སྡེ་ཁག་དང་ས་གནས་ཀྱི་འཐུས་མི་གྲོས་ཚོགས་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།