ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཉིས་སྟོང་ཉེར་བཞི་ལོའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ནོར་སྲིད་སྔོན་རྩིས་ལ་ཆོག་མཆན་བཀོད།
2023.11.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཚེས20ཉིན་ཉིས་སྟོང་ཉེར་བཞི་ལོའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ནོར་སྲིད་སྔོན་རྩིས་ལ་ཆོག་མཆན་བཀོད་པ་དང་། སྔོན་རྩིས་གསར་བའི་འབོར་གྲངས་ནི་ཡོ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་བརྒྱད་ཐེར་འབུམ་དགུ་དུང་ཕྱུར་གསུམ་བྱེ་བ་བརྒྱད་ས་ཡ་ལྔ་ཡིན་ལ། སྤྱིའི་འགྲོ་སོང་ཡོ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་བཞི་ཐེར་འབུམ་གཉིས་དུང་ཕྱུར་དྲུག་བྱེ་བ་གསུམ་ཡིན་པ་རེད།

སྔོན་རྩིས་གསར་བས་གཙོ་བོ་དཔལ་འབྱོར་སླར་གསོ་དང་ལྷད་མེད། གཞི་གྲངས་ཅན་གྱི་སྤོར་བསྒྱུར། དེ་མིན་མིག་སྔའི་རྙོག་འཛིང་གི་ས་ཁུལ་བར་གྱི་ཆབ་སྲིད་ཁོར་ཡུག་ཐག་གཅོད་བྱེད་པ་བཅས་ལ་རྒྱབ་སྐྱོར་བྱེད་རྒྱུ་རེད།

ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་དང་ཡོ་རོབ་གླིང་གྲོས་ཁང་གིས་ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན་ཉིས་སྟོང་ཉེར་བཞི་ལོའི་ཡོ་རོབ་གླིང་མནའ་འབྲལེ་གྱི་ནོར་སྲིད་སྔོན་རྩིས་ཇུས་གཞིའི་ཐད་ནས་གྲོས་མཐུན་བཀོད། ལས་རིམ་ལྟར་ན། སྔོན་རྩིས་ཇུས་གཞི་དེར་ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་དང་ཡོ་རོབ་གླིང་གྲོས་ཁང་གཉིས་ཀྱིས་གྲོས་མཐུན་བཀོད་རྗེས་ཀྱི་ཉིན་བཅུ་བཞིའི་ནང་སོ་སོར་ཆོག་མཆན་འགོད་དགོས་པ་རེད།

ཡོ་རོབ་གླིང་མནའ་འབྲེལ་གྱི་ལོ་ཧྲིལ་བོའི་ནོར་སྲིད་སྔོན་རྩིས་ཀྱིས་གཙོ་བོ་ལོ་མང་བོའི་ནོར་སྲིད་སྒྲོམ་གཞི་སྟེ་ལོ་བདུན་གྱི་འཆར་གཞི་གཞིར་འཛིན་དགོས་པ་རེད། ཡོ་རོབ་གླིང་མནའ་འབྲེལ་གྱིས་དུས་ཡུན་རིང་འབྲིང་གི་ཡོ་རོབ་གླིང་མནའ་འབྲེལ་གྱི་སྲིད་ཇུས་གཏན་འབེབས་བྱས་ཤིང་ཁྱབ་ཁོངས་གཙོ་བོ་དང་དངུལ་གཏོང་ཁ་ཕྱོགས་གཏན་འཁེལ་བྱས་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱི་སྤྱིའི་ཚོང་རའི་འགྲན་རྩོད་ནུས་པ་མཐོར་འདེགས་བྱེད་པ་དང་། ཁོངས་གཏོགས་རྒྱལ་ཁབ་བར་གྱི་འཕེལ་རྒྱས་བར་ཁྱད་ཇེ་ཆུང་དུ་གཏོང་བར་འཐབ་ཇུས་ཀྱི་མཛུབ་སྟོན་དང་མ་དངུལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།