ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཀྱི་ཁ་གསབ་སྲིད་ཇུས་ཀྱི་ལག་བསྟར་ཡུན་ཚད་ཇེ་རིང་དུ་བཏང་ནས་ནུས་ཁུངས་ཀྱི་རིན་གོང་མཐོ་བའི་གནད་དོན་ཐག་གཅོད་བྱེད་རྒྱུའི་ཆོད་དོན་སྤེལ།
2023.11.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས20ཉིན་རྒྱལ་ཁབ་རོགས་སྐྱོར་གྱི་གནས་སྐབས་ཉམས་ཉེན་དང་བར་བརྒལ་སྒྲོམ་གཞིའི་བཟོ་བཅོས་ཇུས་གཞི་ལ་བརྟེན་ནས། རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁ་གསབ་སྲིད་ཇུས་ཀྱི་ལག་བསྟར་ཡུན་ཚད་དེ་ཉིས་སྟོང་ཉེར་བཞི་ལོའི་ཟླ་དྲུག་པའི་ཚེས་སུམ་ཅུའི་བར་ཟླ་ངོ་དྲུག་གིས་ཇེ་རིང་དུ་བཏང་ནས། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་དང་ནུས་ཁུངས་རིན་གོང་ཇེ་མཐོར་སོང་བའི་ཤུགས་རྐྱེན་ཐག་གཅོད་བྱེད་རྒྱུ་རེད།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། སྒྲོམ་གཞིའི་ནང་དོན་སྐོར་ཞིག་ལ་ལེགས་སྒྲིག་བྱས་པ་བརྒྱུད། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མུ་མཐུད་དུ་རང་གི་ཁ་གསབ་འཆར་གཞི་སྲུང་འཛིན་བྱས་ནས། དགུན་ཁའི་དྲོད་འདོན་བྱ་བ་ཐག་གཅོད་བྱས་ཆོག་པར་མ་ཟད། སྔར་བཞིན་ཉམས་ཉེན་གྱི་ཤུགས་རྐྱེན་ཐེབས་པའི་ཀུང་ཟིའི་དགོས་ངེས་ཀྱི་རྒྱབ་སྐྱོར་མཚམས་མི་འཇོག་པར་འགན་སྲུང་བྱེད་དགོས། དེའི་ནང་ཞིང་ལས་སྡེ་ཁག་གི་ཁ་གསབ་མ་དངུལ་གྱི་ཆེས་མཐོའི་ཚད་ཐིག་ཡོ་སྒོར་འབུམ་གཉིས་དང་ཁྲི་ལྔ་ནས་འབུམ་གཉིས་དང་ཁྲི་བརྒྱད་ལ་ཇེ་མཐོར་བཏང་ཡོད་པ་དང་། ཉ་གསོ་ལས་རིགས་དང་ཆུ་ཐོན་གསོ་སྤེལ་སྡེ་ཁག་གི་ཁ་གསབ་མ་དངུལ་གྱི་ཆེས་མཐོའི་ཚད་ཐིག་ཡོ་སྒོར་འབུམ་གསུམ་ནས་འབུམ་གསུམ་དང་ཁྲི་གསུམ་སྟོང་ལྔར་ཇེ་མཐོར་བཏང་ཡོད་ལ། སྡེ་ཁག་གཞན་པ་ཚང་མའི་ཁ་གསབ་མ་དངུལ་གྱི་ཆེས་མཐོའི་ཚད་ཐིག་ཡོ་སྒོར་ས་ཡ་གཉིས་ནས་ས་ཡ་གཉིས་དང་འབུམ་གཉིས་ཁྲི་ལྔར་ཇེ་མཐོར་བཏང་ཡོད།

དེ་ལས་གཞན་བཟོ་བཅོས་འཆར་ཟིན་ལས་ད་རུང་ནུས་ཁུངས་རིན་གོང་འཕར་ཚད་དེ་ཉམས་ཉེན་མ་བྱུང་སྔོན་གྱི་ཆུ་ཚད་ལས་བརྒལ་ན། ད་གཟོད་ཁོངས་གཏོགས་རྒྱལ་ཁབ་དག་ལ་མུ་མཐུད་དུ་རོགས་སྐྱོར་འདོན་སྤྲོད་བྱས་ཏེ། ནུས་ཁུངས་ཀྱི་གྲོན་དངུལ་སྐོར་ཞིག་རྩིས་སྤྲོད་བྱེད་པ་གཏན་འཁེལ་བྱས་ཡོད།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས15ཉིན་སྟོན་དུས་ཀྱི་དཔལ་འབྱོར་སྙན་ཞུ་སྤེལ་ཏེ། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་དང་། སྔར་ལས་ཁྱབ་རྒྱ་ཆེ་བའི་ས་ཁུལ་བར་གྱི་ཆབ་སྲིད་ཛ་དྲག་གནས་བབ་ལས་མུ་མཐུད་དུ་ཉེན་ཁ་བཟོ་བཞིན་ཡོད་ལ། སྔར་བཞིན་དུ་གཏན་འཇགས་མིན་པའི་སྣང་ཚུལ་གྱི་འབྱུང་ཁུངས་ལྟ་བུར་གྱུར་ཡོད། སྤྱིའི་གནས་བབ་ཇེ་བཟང་ལ་སོང་ཡོད་ཀྱང་ནུས་ཁུངས་ཚོང་ར་སྔར་བཞིན་ཧ་ཅང་ཉམས་ཞན་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།