མའོ་ཞི་ཁོའི་དབུས་ཕྱོགས་ས་ཁུལ་ནས་ཉེན་རྟོག་པ་དང་དྲག་ཆས་མི་སྣའི་བར་འཁྲུག་རྩོད་བྱུང་སྟེ་མི་མང་བོར་ཤི་རྨས་ཐེབས།
2023.11.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

མའོ་ཞི་ཁོའི་དབུས་ཕྱོགས་ཀྱི་མའོ་ལོས་ལོ་སི་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ཁུའུ་ཨེ་ནཱ་ཝ་ཁཱ་གྲོང་ཁྱེར་ནས་ཚེས་ཉི་ཤུ་ཉིན་ཉེན་རྟོག་པ་དང་དྲག་ཆས་མི་སྣའི་བར་འཁྲུག་རྩོད་བྱུང་སྟེ། མི་མང་བོར་ཤི་རྨས་ཐེབས།

ཁུའུ་ཨེ་ནཱ་ཝ་ཁཱ་གྲོང་ཁྱེར་གྱི་དམངས་སྲུང་སྡེ་ཁག་གིས་སྤེལ་བའི་སྤྱི་སྒྲོག་ལྟར་ན། ཚེས་ཉི་ཤུ་ཉིན་གྱི་ཞོགས་པར། དྲག་ཆས་མི་སྣ་སྐོར་ཞིག་དང་ས་དེའི་མི་སེར་དཀྱུས་མིའི་བར་འཁྲུག་རྩོད་བྱུང་བ་དང་། མེ་མདས་བརྒྱབ་ནས་མི་སེར་དཀྱུས་མ་གཅིག་བསད། ཉེན་རྟོག་ཕྱོགས་ལ་སྙན་ཞུ་འབྱོར་རྗེས་གྲོང་ཁུལ་གྱི་བགྲོད་ལམ་མང་བོ་ནས་དྲག་ཆས་མི་སྣར་རྗེས་འདེད་བྱས་ཏེ། ཕྱོགས་གཉིས་བར་འཁྲུག་རྩོད་དྲག་པོ་བྱུང་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། དོན་རྐྱེན་དེ་ལས་བསྡོམས་པས་ཉེན་རྟོག་པ་གཉིས་དང་མི་སེར་དཀྱུས་མ་གཉིས། དྲག་ཆས་མི་སྣ་ལྔ་བཅས་རྐྱེན་ལམ་དུ་ཤོར་ཡོད་ལ། འབྲེལ་ཡོད་སྡེ་ཁག་གིས་དོན་རྐྱེན་དེར་ཞིབ་ཏུ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།