དབྱི་སི་རལ་གྱིས་ཨ་ཧྥེ་རི་ཁ་ལྷོ་མར་སྡོད་པའི་གཞུང་ཚབ་པ་ཕྱིར་འབོད་རྒྱུ་ཁྱབ་བསྒྲགས་བྱས།
2023.11.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37

དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉི་ཤུ་ཉིན་ཨ་ཧྥེ་རི་ཁ་ལྷོ་མར་སྡོད་པའི་དབྱི་སི་རལ་གྱི་གཞུང་ཚབ་པ་ཕྱིར་བོས་ནས། ཨ་ཧྥེ་རི་ཁ་ལྷོ་མ་ཡིས་ཉེ་སྔོན་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཐད་ནས་བསྟན་པའི་རྣམ་འགྱུར་ལ་རྒོལ་ལན་སྤྲོད་རྒྱུ་ཁྱབ་བསྒྲགས་བྱས།

དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧཱ་ཡཱ་ཐི་ཡིས་ཚེས་ཉི་ཤུ་ཉིན་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ཏེ། ཨ་ཧྥེ་རི་ཁ་ལྷོ་མས་ཉེ་སྔོན་སྤེལ་བའི་གསལ་སྒྲོག་དབང་གིས་ཨ་ཧྥེ་རི་ཁ་ལྷོ་མར་སྡོད་པའི་དབྱི་སི་རལ་གྱི་གཞུང་ཚབ་ཕྱིར་བོས་ནས་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།

དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མཱ་ཧྥུའུ་སཱ་ཡིས་ཉེ་སྔོན་བསྟན་དོན། ཨ་ཧྥེ་རི་ཁ་ལྷོ་མས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཏེ། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་ནས་འཐབ་འཁྲུག་གི་ནག་ཉེས་བཟོས་པར་རྟོག་ཞིབ་བྱེད་དགོས་པའི་རེ་བ་བཏོན་ཡོད།

ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་བཞུགས་ཤག་གི་པུའུ་ཀྲང་ཨིན་ཐི་ཧྲ་ཝེ་ནེ་ཡིས་ཟླ་འདིའི་ཚེས་དྲུག་ཉིན་བཤད་རྒྱུར། ཨ་ཧྥེ་རི་ཁ་ལྷོ་མས་དབྱི་སི་རལ་གྱིས་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་གྱི་སློབ་གྲྭ་དང་སྨན་ཁང་། མི་སེར་དཀྱུས་མ་བཅས་ལ་འགས་གཏོར་གཏོང་བའི་བྱ་སྤྱོད་དང་། མི་ཆོས་རིང་ལུགས་ཀྱི་རྒྱུ་ལམ་བཀག་སྡོམ་བྱས་པའི་བྱ་སྤྱོད་ལ་ཡིད་ཆད་ཡོད་ལ། ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་འཛིན་ལས་ཁུངས་ཀྱིས་དབྱི་སི་རལ་དུ་སྡོད་པའི་ཨ་ཧྥེ་རི་ཁ་ལྷོ་མའི་ཕྱི་འབྲེལ་མི་སྣ་ཚང་མ་ཕྱིར་འབོད་རྒྱུ་ཐག་བཅད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།