ཁུན་ནེ་ཡཱའི་ནེ་ལོ་པུས་སུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འཆར་འགོད་ཁང་གིས་ཚེས་ཉི་ཤུ་ཉིན་ཉིས་སྟོང་ཉེར་གསུམ་ལོའི་དྲོད་རླངས་ཕྱིར་གཏོང་གི་བར་ཁྱད་སྐོར་གྱི་སྙན་ཞུ་སྤེལ་ཏེ། ནམ་ཟླའི་འགྱུར་ལྡོག་གི་ཛ་དྲག་གནས་བབ་ནན་བཤད་བྱས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱེད་ཐབས་ནུས་ལྡན་སྤྱད་ནས་དྲོད་རླངས་ཕྱིར་གཏོང་ཚད་ཇེ་ཉུང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་ཏིས་པེད་ཚོགས་ཆེན་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་ནས་ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན་བར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏིས་པེད་ནས་བསྡུ་རྒྱུ་ཡིན་པ་རེད། ཉེ་བའི་ལོ་འགའི་རིང་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འཆར་འགོད་ཁང་གིས་ལོ་རེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་ཚོགས་ཆེན་མ་བསྡུས་གོང་ལོ་ཧྲིལ་བོའི་དྲོད་རླངས་ཕྱིར་གཏོང་གི་བར་ཁྱད་སྐོར་གྱི་སྙན་ཞུ་སྤེལ་བཞིན་ཡོད་ལ། དེའི་དམིགས་ཡུལ་ནི་ཕྱོགས་སོ་སོས་ནམ་ཟླའི་འགྱུར་ལྡོག་གནད་དོན་ལ་དོ་སྣང་བྱེད་པར་སྐུལ་མ་གཏོང་ཆེད་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འཆར་འགོད་ཁང་གི་ལག་བསྟར་ཀྲུའུ་རིན་ཨན་ནོའུ་ཧྲིན་གྱིས་སྙན་ཞུའི་གླེང་གཞིའི་ནང་བསྟན་དོན། ཉིས་སྟོང་ཉེར་གཉིས་ལོའི་འཛམ་གླིང་ཡོངས་ཀྱི་དྲོད་རླངས་ཕྱིར་གཏོང་གི་ཚད་ཆེས་མཐོ་བའི་ཚད་དུ་བསླེབས་ཡོད་པ་དང་། ཉིས་སྟོང་ཉེར་གསུམ་ལོའི་ཟླ་དགུ་བར་འཛམ་གླིང་ཡོངས་ཀྱི་ཆ་སྙོམས་དྲོད་ཚད་དེ་བཟོ་ལས་ཅན་གྱི་སྔོན་གྱི་ཆུ་ཚད་ལས་དྲོད་གྲངས་གཅིག་དང་གྲངས་ཆུང་བརྒྱད་ཀྱིས་ཇེ་མཐོར་སོང་ཡོད་ཟེར།
སྙན་ཞུ་ལས་འདོན་སྤྲོད་བྱས་པའི་གཞི་གྲངས་ལྟར་ན། ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་ཉེར་གཉིས་ལོའི་བར་གྱི་འཛམ་གླིང་ཡོངས་ཀྱི་དྲོད་རླངས་ཕྱིར་གཏོང་གི་ཚད་བརྒྱ་ཆའི་གཅིག་དང་གྲངས་ཆུང་གཉིས་འཕར་ཡོད་པས། འཛམ་གླིང་ཡོངས་ཀྱི་དྲོད་རླངས་ཕྱིར་གཏོང་གི་ཚད་ཀྱིས་ཆེས་མཐོའི་ཟིན་ཐོ་བསྐྲུན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།