ཨ་ཧྥེ་རི་ཁ་ལྷོ་མའི་གྲོས་ཁང་གིས་དབྱི་སི་རལ་བར་གྱི་ཕྱི་ཕྱོགས་འབྲེལ་བ་མཚམས་འཇོག་པའི་གྲོས་འདོན་ལ་གྲོས་མཐུན་བཀོད།
2023.11.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཨ་ཧྥེ་རི་ཁ་ལྷོ་མའི་གྲོས་ཁང་གིས་ཚེས་ཉེར་གཅིག་ཉིན་དབྱི་སི་རལ་བར་གྱི་ཕྱི་ཕྱོགས་འབྲེལ་བ་མཚམས་འཇོག་པ་དང་ཨ་ཧྥེ་རི་ཁ་ལྷོ་མར་སྡོད་པའི་དབྱི་སི་རལ་གྱི་གཞུང་ཚབ་ཁང་གི་སྒོ་བརྒྱག་པའི་གྲོས་འདོན་ཅིག་ལ་གྲོས་མཐུན་བཀོད།

ཨ་ཧྥེ་རི་ཁ་ལྷོ་མའི་གྲོས་ཁང་ཞོལ་མ་ནས་འདེམ་ཤོག་ཉིས་བརྒྱ་དང་ཞེ་བརྒྱད་ཡིད་འཐད་བྱུང་བ་དང་། འདེམ་ཤོག་གོ་གཅིག་གིས་ངོ་རྒོལ་བྱེད་པའི་བརྡས་གཅོད་མཇུག་འབྲས་ཀྱིས་གྲོས་འདོན་དེར་གྲོས་འཆམ་བྱུང་བ་རེད། གྲོས་འདོན་དེ་ལས་ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་གཞུང་གིས་ཨ་ཧྥེ་རི་ཁ་ལྷོ་མར་སྡོད་པའི་དབྱི་སི་རལ་གྱི་གཞུང་ཚབ་ཁང་གི་སྒོ་བརྒྱག་པ་དང་། དབྱི་སི་རལ་གྱིས་འཁྲུག་རྩོད་མཚམས་འཇོག་པར་འཐད་པ་བྱུང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོ་ཁྲིད་བྱེད་པའི་གྲོས་མོལ་ལ་ཞུགས་རག་བར་དུ་དབྱི་སི་རལ་བར་གྱི་ཕྱི་ཕྱོགས་འབྲེལ་བ་ཡོད་ཚད་གནས་སྐབས་སུ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཨ་ཧྥེ་རི་ཁ་ལྷོ་མའི་གྲོས་ཁང་ནས་གྲོས་འདོན་དེར་གྲོས་འཆམ་བྱུང་རྗེས་གསལ་སྒྲོག་སྤེལ་ཏེ། གྲོས་འདོན་དེ་སྲིད་གཞུང་ལ་བཅའ་ཁྲིམས་ཀྱི་ཚད་བཀག་མེད་ཀྱང་། གྲོས་དཔོན་གྱིས་ཙུང་ཐུང་དང་འབྲེལ་ཡོད་ཀྱི་སྲིད་གཞུང་སྡེ་ཁག་གིས་གྲོས་འདོན་དེར་དངོས་སུ་དོ་སྣང་བྱེད་དུ་འཇུག་པའི་འགན་འཁྲི་ཡོད་ཟེར།

ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་བཞུགས་ཁག་གི་པུའུ་ཀྲང་ཨིན་ཐི་ཧྲ་ཝེ་ནེ་ཡིས་ཚེས་ཉི་ཤུ་ཉིན་བཤད་རྒྱུར། ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་འཛིན་ལས་ཁུངས་ཀྱིས་ཨ་ཧྥེ་རི་ཁ་ལྷོ་མར་སྡོད་པའི་དབྱི་སི་རལ་གྱི་གཞུང་ཚབ་ཁང་གི་སྒོ་བརྒྱག་ཐད་ནས་ཆོད་དོན་སྤེལ་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།