སི་ཕན་གྱི་སྐབས་གསར་བའི་མཉམ་འབྲེལ་སྲིད་གཞུང་གིས་དམ་བཅའ་བཞག་སྟེ་ལས་འགན་ཁུར།
2023.11.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

སི་ཕན་གྱི་དབུ་བཞུགས་བློན་ཆེན་སིང་ཆེ་སི་ཡིས་མགོ་ཁྲིད་པའི་སྐབས་གསར་བའི་གཡོན་ཕྱོགས་མཉམ་འབྲེལ་སྲིད་གཞུང་གིས་ཚེས་ཉེར་གཅིག་ཉིན་རྒྱལ་ས་མཱ་ཏི་ལི་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

སྐབས་འདིའི་སྲིད་གཞུང་ནི་བཟོ་བའི་སྤྱི་ཚོགས་ཏང་དང་སུའུ་མཱ་ཨར་ཏང་སྟེ་གཡོན་ཕྱོགས་ཏང་ཁག་ཆེན་མོ་གཉིས་ཀྱིས་མཉམ་འབྲེལ་དུ་རྩ་འཛུགས་བྱས་པ་ཡིན། སི་ཕན་གྱི་རྒྱལ་བོ་ཧྥེ་ལེ་ཕའེ་སྐུ་ཕྲེང་དྲུག་པའི་བདེན་དཔང་འོག སྐབས་གསར་བའི་སྲིད་གཞུང་གི་བློན་ཆེན་ཉེར་གཉིས་ཀྱིས་དམ་བཅའ་བཞག་སྟེ་ལས་འགན་ཁུར། སྐབས་འདིའི་སྲིད་གཞུང་ལ་སྡོད་ཁང་དང་གྲོང་ཁྱེར་གྲོས་རིམ་པུའུ་དང་། གཞི་གྲངས་ཅན་གྱི་རིམ་སྤོར་པུའུ། ན་གཞོན་དང་བྱིས་པའི་ལས་དོན་པུའུ་བཅས་གསར་དུ་བཀོད་སྒྲིག་བྱས་ཡོད་པ་དང་། སྲིད་འཛིན་ལས་ཁུངས་གསར་བའི་ཁོངས་མི་མང་ཆེ་བ་བུད་མེད་ཡིན་ལ། དེའི་ནང་དབུ་བཞུགས་བློན་ཆེན་གཞོན་པ་བཞི་བོ་ཚང་མ་བུད་མེད་རེད།

སིང་ཆེ་སི་ཡིས་ཚེས་ཉི་ཤུ་ཉིན་སྲིད་འཛིན་ལས་ཁུངས་ཀྱི་ཁོངས་མིའི་མིང་ཐོ་ཁྱབ་སྒྲོག་བྱེད་སྐབས་བསྟན་དོན། སྐབས་འདིའི་སྲིད་གཞུང་གི་བཀོད་སྒྲིག་དང་ལེགས་སྒྲིག་ལས་སྐབས་སྔོན་མའི་སྲིད་གཞུང་གི་དཔལ་འབྱོར་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་ལ་བསམ་བློ་བཏང་ཡོད་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་ལས་ཞུགས་ཁ་སྣོན་བྱེད་པར་འབད་འབུངས་བྱེད་རྒྱུ་ཡིན་ལ། ནུས་ཁུངས་གསར་བ་དང་། སྐྱེ་ཁམས་རིམ་སྤོར། གཞི་གྲངས་ཅན་གྱི་རིམ་སྤོར་བཅས་ཁྱབ་ཁོངས་གཙོར་བཟུང་ནས་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན། སྡོད་ཁང་དང་སྨན་བཅོས། ཕོ་མོ་འདྲ་མཉམ། རྒན་གསོའི་མ་དངུལ་སོགས་སྤྱི་ཚོགས་འགན་སྲུང་སྲིད་ཇུས་གནད་སར་བཟུང་ནས་ལག་བསྟར་བྱེད་རྒྱུ་མ་ཟད། གྲོས་མོལ་དང་འགྲིག་མཐུན་ལ་ཤུགས་སྣོན་བྱས་ནས་རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།