ཁྲའོ་ཞན་གྱིས་ལེ་དབར་ཁྲི་ཡི་མེ་ལོང་དང་པོ་རྟགས་ཅན་གྱི་མྱུལ་ཞིབ་འཁོར་སྐར་བདེ་བླག་ངང་གཏོང་འཕེན་བྱས།
2023.11.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་ཉེར་གཉིས་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་རྒྱལ་ཁབ་མཁའ་འགྲུལ་མཁའ་སྐྱོད་ལག་རྩལ་སྤྱི་ཁྱབ་ཅུའུ་ཡིས་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་ལེ་དབར་ཁྲི་ཡི་མེ་ལོང་དང་པོ་རྟགས་ཅན་གྱི་མྱུལ་ཞིབ་འཁོར་སྐར་བདེ་བླག་ངང་གཏོང་འཕེན་བྱས་པ་དང་། འཁོར་སྐར་དེ་བདེ་བླག་ངང་རྒྱུ་ལམ་དུ་ཞུགས་ཡོད་ཟེར།

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་བཤད་རྒྱུར། ཚེས་ཉེར་གཅིག་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་དང་སྐར་མ་ཞེ་གཉིས་ཡས་མས་སུ། ཁྲའོ་ཞན་རྒྱལ་ཁབ་མཁའ་འགྲུལ་མཁའ་སྐྱོད་ལག་རྩལ་སྤྱི་ཁྱབ་ཅུའུ་ཡིས་བདེ་འཇགས་བྱང་ལམ་གྱི་ཐིས་ཧྲན་རྫོང་གི་ནུབ་མཚོ་འཁོར་སྐར་གཏོང་འཕེན་ར་བ་ནས་ལེ་དབར་སྟོང་གི་གྱི་ལིང་དང་པོ་རྟགས་ཅན་གྱི་རྣམ་པ་གསར་བའི་འཁོར་སྐར་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་བཀོལ་ནས། ལེ་དབར་ཁྲི་ཡི་མེ་ལོང་དང་པོ་རྟགས་ཅན་གྱི་མྱུལ་ཞིབ་འཁོར་སྐར་བདེ་བླག་ངང་གཏོང་འཕེན་བྱས་ཏེ་བར་སྣང་དུ་འཕགས། ལེ་དབར་སྟོང་གི་གྱི་ལིང་དང་པོ་རྟགས་ཅན་གྱི་རྣམ་པ་གསར་བའི་འཁོར་སྐར་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་དེ་སྔོན་ནས་གཏན་འཁེལ་བྱས་པའི་འཕུར་སྐྱོད་རྒྱུ་ལམ་དུ་རྒྱུན་ལྡན་ལྟར་འཕུར་སྐྱོད་བྱས་ཏེ། ལེ་དབར་ཁྲི་ཡི་མེ་ལོང་དང་པོ་རྟགས་ཅན་གྱི་མྱུལ་ཞིབ་འཁོར་སྐར་དེ་བདེ་བླག་ངང་རྒྱུ་ལམ་དུ་བསྐྱལ་བ་རེད་ཟེར།

བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གྱིས་ཡུལ་དངོས་ནས་མྱུལ་ཞིབ་འཁོར་སྐར་གཏོང་འཕེན་བྱེད་པར་ལྟ་སྦྱོང་བྱས་པ་དང་། འཁོར་སྐར་བདེ་བླག་ངང་གཏོང་འཕེན་བྱས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།

བསྒྲགས་པ་ལྟར་ན། ཁྲའོ་ཞན་རྒྱལ་ཁབ་མཁའ་འགྲུལ་མཁའ་སྐྱོད་ལག་རྩལ་སྤྱི་ཁྱབ་ཅུའུ་ཡིས་དུས་ཡུན་ཐུང་ངུའི་ནང་མྱུལ་ཞིབ་འཁོར་སྐར་འགའ་གཅིག་རྗེས་གཉིས་མཐུད་དུ་གཏོང་འཕེན་བྱེད་རྒྱུ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།