ལེ་པཱ་ནུན་གྱི་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས་ཉེར་གཅིག་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱིས་ཉིན་དེར་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ཐེ་ཨར་ཧུའུ་ཨར་ཧྥེ་གྲོང་རྡལ་དུ་བསྟུད་མར་མེ་སྒྱོགས་ཀྱི་འཇབ་རྒོལ་བྱས་ཏེ། ལེ་པཱ་ནུན་གྱི་གསར་འགོད་པ་གཉིས་དང་མི་སེར་དཀྱུས་མ་གཅིག་རྐྱེན་ལམ་དུ་ཤོར་ཟེར།
ལེ་པཱ་ནུན་གྱི་ཐང་ཆེན་བརྙན་འཕྲིན་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ནས་གསར་འགོད་པ་དེ་གཉིས་དབྱི་སི་རལ་གྱི་དམག་དཔུང་གི་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བ་བདེན་དཔང་བྱས་པར་མ་ཟད། དབྱི་སི་རལ་གྱི་དམག་དཔུང་གིས་བསམ་བཞིན་དུ་གསར་འགོད་པ་འཇབ་རྒོལ་དམིགས་འབེན་དུ་བྱས་པར་སྐྱོན་འཛུགས་བྱས།
ལེ་པཱ་ནུན་གྱི་ཙུང་ལི་མུས་ཁཱ་ཐིས་ཀྱིས་ཉིན་དེར་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་བཏང་། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ཀྱང་གསལ་སྒྲོག་སྤེལ་ནས་དོན་རྐྱེན་དེར་རྒོལ་ལན་སྤྲོད་རྒྱུའི་ཚུལ་བསྟན་པ་དང་། ཞོར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་སྲིད་གཞུང་ལ་གནོན་ཤུགས་བྱིན་ནས། སྨྱན་བྱད་ཀྱི་ཆེད་ལས་མི་སྣ་དང་མི་སེར་དཀྱུས་མའི་འཇབ་རྒོལ་མཚམས་འཇོག་ཏུ་འཇུག་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།