ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་ཉེར་གཅིག་ཉིན་འཚམས་འདྲིར་ཡོང་བའི་ཨ་རབ་དང་དབྱི་སི་ལན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་གྱི་མཉམ་འབྲེལ་འཐུས་ཚབ་ཚོགས་པ་དང་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་ཐད་ནས་མྱུར་མོར་གཏན་འཇགས་ཀྱི་རྐྱེན་སྲོལ་བཙུགས་ནས། འཁྲུག་རྩོད་མཚམས་འཇོག་པ་དང་མི་སེར་དཀྱུས་མར་སྲུང་སྐྱོབ་ཐོབ་པར་འགན་སྲུང་བྱེད་པ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།
ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ཀྱིས་ཚེས་ཉེར་གཅིག་སྤེལ་བའི་གནས་ཚུལ་ལྟར་ན། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་མའོ་སི་ཁོ་ནས་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སཱ་ཨར་དང་། ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྲུའུ་ཁི་ལི། ཧིན་རྡུ་ཉི་ཞི་ཡཱའི་ཕྱི་འབྲེལ་བློན་ཆེན་ལོས་ཐི་ནོའུ། ཅོར་ཏན་གྱི་དབུ་བཞུགས་བློན་ཆེན་གཞོན་པའམ་ཕྱི་འབྲེལ་བློན་ཆེན་སཱ་ཧྥ་ཏིས། ཕཱ་ལེ་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན་མཱ་ལི་ཅི། དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཐཱ་ཧཱ་བཅས་ཀྱིས་གྲུབ་པའི་ཨ་རབ་དང་དབྱི་སི་ལན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་གྱི་མཉམ་འབྲེལ་འཐུས་ཚབ་ཚོགས་པ་དང་གྲོས་མོལ་བྱས་ཏེ། ཅཱ་ཧྲའི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས།
ཚོགས་ཞུགས་ཕྱོགས་ཁག་སོ་སོས་བསྟན་དོན། རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་མཐའ་གཅིག་ཏུ་རྒོལ་གཏམ་གཏོང་བཞིན་ཡོད་པ་དང་། ཐུན་མོང་ཆད་གཅོད་དང་དམངས་བཀོལ་སྒྲིག་ཆས་ལ་དྲག་ཤུགས་གང་འདོད་དུ་བཀོལ་བའི་བྱ་སྤྱོད་དེ་དང་ལེན་བྱེད་ཐབས་མེད་པའི་ཚུལ་བསྟན།
ཚོགས་ཞུགས་ཕྱོགས་ཁག་སོ་སོས་མྱུར་མོར་གཏན་འཇགས་ཀྱི་རྐྱེན་སྲོལ་བཙུགས་ནས་འཁྲུག་རྩོད་མཚམས་འཇོག་པ་དང་། མི་སེར་དཀྱུས་མར་སྲུང་སྐྱོབ་ཐོབ་པར་འགན་སྲུང་བྱེད་པ། རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་རྩ་དོན་བརྩི་སྲུང་བྱེད་པ། མི་ཆོས་རིང་ལུགས་ཀྱི་རྒྱུ་ལམ་སྒོ་འབྱེད་བྱེད་པ། བཀག་འཇུག་བྱས་པའི་མི་སྣ་ཕྱིར་གཏོང་བ་སོགས་མངོན་འགྱུར་བྱེད་དགོས་པའི་གཅིག་གྱུར་གྲོས་གཞི་བཏོན།
ཚོགས་ཞུགས་ཕྱོགས་ཁག་སོ་སོས་ནན་གྱིས་བསྟན་དོན། ངེས་པར་དུ་མཐུན་སྦྱོར་བྱེད་ཐབས་བཟང་བོ་སྤྱད་དེ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་བར་ཡུན་རིང་གི་ཞི་བདེ་ཡོང་བར་བྱེད་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་འཁྲུག་རྩོད་ཕྱོགས་ཁག་སོ་སོའི་བར་གྲོས་མོལ་བྱེད་པར་ཆ་རྐྱེན་བསྐྲུན་ནས། མཇུག་མཐར་གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་རྒྱལ་མཚམས་རྨང་གཞིར་བྱེད་པ་དང་། ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱེད་པ། དབྱི་སི་རལ་བར་ཞི་བདེ་མཉམ་གནས་བྱེད་པའི་སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།