སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་ཉེར་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཉིན་དེའི་ཕྱི་དྲོར་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀིའི་ཉེ་འཁོར་ས་ཁུལ་དུ་བར་སྣང་འཇབ་རྒལ་བྱས་ཟེར།
གསལ་སྒྲོག་བཤད་རྒྱུར། ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་བཅོ་ལྔ་ཡས་མས་སུ། དབྱི་སི་རལ་གྱིས་རང་གིས་བཙན་བཟུང་བྱས་པའི་ཀི་ལན་མཐོ་སའི་ཕྱོགས་ནས། ཏཱ་མཱ་ཧྲི་ཀིའི་ཉེ་འཁོར་ས་ཁུལ་དུ་འཕུར་མདའ་གཉིས་གཏོང་འཕེན་བྱས་ཟེར། སི་རི་ཡཱའི་མཁའ་སྲུང་མ་ལག་གིས་འཕུར་མདའ་གཅིག་བཀག་ནས་སར་འཕངས། འཇབ་རྒོལ་ལས་སྒྲིག་ཆས་སྐོར་ཞིག་ལ་གཏོར་བཤིག་ཐེབས་ཡོད་ཟེར། གསལ་སྒྲོག་ལས་མི་སྣའི་ཤི་རྨས་གནས་ཚུལ་བསྒྲགས་མེད།
ཉིས་སྟོང་བཅུ་གཅིག་ལོར་སི་རི་ཡཱའི་ནང་འཁྲུག་བྱུང་བའི་རྗེས་སུ། དབྱི་སི་རལ་གྱི་དམག་དཔུང་གིས་ཐེངས་མང་བོར་དབྱི་ལིང་གི་དམག་དོན་སྒྲིག་ཆས་ལ་ཆམ་ཕབ་གཏོང་བ་རྒྱུ་མཚན་དུ་བྱས་ནས་སི་རི་ཡཱའི་མངའ་ཁོངས་ཀྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས། སི་རི་ཡཱ་དང་དབྱི་ལིང་སྲིད་གཞུང་གིས་སི་རི་ཡཱ་རུ་དབྱི་ལིང་གི་བཅའ་སྡོད་དམག་དཔུང་ཡོད་པ་ཁས་ལེན་བྱས་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།