ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་རྒྱུ་རེད།
2023.11.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

དབྱི་སི་རལ་གྱི་སྲིད་གཞུང་གིས་ཚེས་ཉེར་གཉིས་ཉིན་གྱི་ཞོགས་པར་ཁྱབ་བསྒྲགས་བྱས་དོན། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་བར་བཀག་འཇུག་མི་སྣ་བརྗེ་སྤོར་བྱེད་པའི་གྲོས་མཐུན་འགོད་པར་ཆོག་མཆན་བཀོད། གྲོས་མཐུན་ལྟར་ན། ཧཱ་མཱ་སི་ཡིས་ཉུང་མཐར་ཡང་བུད་མེད་དང་བྱིས་པ་ལྔ་བཅུ་ཕྱིར་བཏང་ནས། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་ནས་ཉིན་བཞིར་འཁྲུག་རྩོད་མཚམས་འཇོག་ཏུ་འཇུག་རྒྱུ་རེད།

དབྱི་སི་རལ་སྲིད་གཞུང་གིས་གསལ་སྒྲོག་སྤེལ་ཏེ། གྲོས་མཐུན་ལྟར་ན། དབྱི་སི་རལ་ཕྱོགས་ཀྱིས་ཅཱ་ཧྲ་ས་ཁུལ་དུ་སྔར་ལས་མང་བའི་འབར་རྫས་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པར་ཆོག་མཆན་བཀོད། དབྱི་སི་རལ་ཕྱོགས་ཀྱིས་བཀག་འཇུག་བྱས་པའི་ཕཱ་ལེ་སི་ཐན་གྱི་བུད་མེད་དང་ནར་སོན་མེད་པའི་མི་ཕྱིར་གཏོང་རྒྱུར་འཐད་པ་བྱུང་ཡང་བྱེ་བྲག་གི་ཁ་གྲངས་བསྒྲགས་མེད།

དབྱི་སི་རལ་གྱི་གསལ་སྒྲོག་ལྟར་ན། བུད་མེད་དང་བྱིས་པ་ལྔ་བཅུ་ཉིན་བཞིའི་ནང་ཕྱིར་གཏོང་རྒྱུ་ཡིན་པ་དང་། དེའི་སྐབས་སུ་འཐབ་འཁྲུག་ཞི་འཇགས་སུ་གཏོང་རྒྱུ་ཡིན་ཟེར། གསལ་སྒྲོག་ལས་ད་རུང་བསྟན་དོན། དབྱི་སི་རལ་ཕྱོགས་ཀྱིས་མུ་མཐུད་དུ་དམག་དོན་འགུལ་སྐྱོད་སྤེལ་ནས། ཧུར་ཐག་སྒོས་བཀག་འཇུག་བྱས་པའི་མི་ཚང་མ་ཕྱིར་གཏོང་བ་དང་ཧཱ་མཱ་སི་ཚར་གཅོད་བྱེད་རྒྱུ་མ་ཟད། ཅཱ་ཧྲ་ས་ཁུལ་དུ་དབྱི་སི་རལ་ལ་འཇིགས་ཉེན་གང་ཡང་མེད་པར་འགན་སྲུང་བྱེད་རྒྱུ་ཡིན་ཟེར།

ཧཱ་མཱ་སི་ཡིས་ཀྱང་ཉིན་དེའི་ཞོགས་པར་གསལ་སྒྲོག་སྤེལ་ནས། གོང་གི་གྲོས་མཐུན་ལྟར་ན། དབྱི་སི་རལ་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ཚང་མ་གནས་སྐབས་སུ་མཚམས་འཇོག་རྒྱུ་མ་ཟད། མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་དྲུད་པའི་རླངས་འཁོར་བརྒྱ་ཕྲག་འགའ་ཅཱ་ཧྲ་ས་ཁུལ་གང་རུང་དུ་འགྲོ་བར་ཆོག་མཆན་འགོད་རྒྱུ་རེད་ཟེར།

འཁྲུག་རྩོད་མཚམས་འཇོག་པའི་སྐབས་སུ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་ནས་མི་སྣ་འཛིན་བཟུང་དང་དཔུང་འཇུག་འགུལ་སྐྱོད་ཅི་ཡང་སྤེལ་མི་སྲིད་པར་ཁས་ལེན་བྱས་ཡོད་པར་མ་ཟད། ཅཱ་ཧྲ་མཁར་གྱི་ལྷོ་བྱང་དུ་བགྲོད་སའི་གཞུང་ལམ་སཱ་ལཱ་ཏེན་ལམ་བཀག་མེད་ཡོང་བར་འགན་སྲུང་བྱེད་རྒྱུ་རེད།

བར་འདུམ་ལ་ཞུགས་པའི་ཁཱ་ཐར་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་གཉིས་ཉིན་ཁྱབ་བསྒྲགས་བྱས་དོན། དུས་ཡུན་ཉིན་བཞི་ཡིན་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེ་ཡུན་ཚད་ཇེ་རིང་དུ་བཏང་ཆོག་ལ། གྲོས་མཐུན་དེ་ནུས་ལྡན་དུ་གྱུར་རྗེས་ཀྱི་དུས་ཚོད་ཉེར་བཞིའི་ནང་ཁྱབ་སྒྲོག་བྱེད་ངེས་ཡིན་ཟེར།

གཞན་ཡང་དབྱི་སི་རལ་གྱིས་བསྒྲགས་པ་ལྟར་ན། གོང་གི་གྲོས་མཐུན་དེ་ཚེས་ཉེར་གསུམ་ཉིན་ནས་བཟུང་ནུས་ལྡན་དུ་འགྱུར་སྲིད། ཧཱ་མཱ་སི་ཡིས་གྲོས་མོལ་བྱེད་སྐབས་བསྟན་དོན། རང་གིས་བཀག་འཇུག་བྱས་པའི་དབྱི་སི་རལ་གྱི་དམག་མི་ཕྱིར་གཏོང་མི་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།