མའོ་ཞི་ཁོ་ཡི་ཙུང་ཐུང་ལོ་ཕའེ་སི་ཡིས་ཚེས21ཉིན་བསྟན་དོན། ཀྲུང་གོའི་སྲིད་གཞུང་གིས་དྲག་རླུང་ཨོ་ཏིས་སི་ཡིས་མའོ་ཞི་ཁོ་ཡི་གནོད་ཐེབས་ས་ཁུལ་ཨ་ཁཱ་ཕུའུ་ཨར་ཁི་སོགས་ས་ཁུལ་དུ་རྒུད་སྐྱོབ་རོགས་སྐྱོར་འདོན་སྤྲོད་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད།
ལོ་ཕའེ་སི་ཡིས་ཉིན་དེར་རྒྱལ་ས་མའོ་ཞི་ཁོ་མཁར་གྱི་རྒྱལ་ཁབ་ཕོ་བྲང་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ལོ་ཕའེ་སི་ཡིས་བཤད་རྒྱུར། ངས་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བཀའ་དྲིན་ཞུ། ཁོང་གིས་ང་ཚོར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ལ། བླ་མེད་ཀྱི་བྱ་སྤྱོད་དེ་བརྗེད་མི་སྲིད་ཟེར། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་སྐབས་སུ། ཀྲུང་གོའི་སྲིད་གཞུང་གིས་དུས་ཐོག་ཏུ་ང་ཚོར་རོགས་རམ་བྱས་ཏེ། རྒྱལ་ཁབ་གཉིས་བར་བཏང་བའི་གནམ་གྲུར་བརྟེན་ནས་རིམས་ནད་འགོག་སྲུང་གི་སྒྲིག་ཆས་སྐྱེལ་འདྲེན་བྱས། སྐབས་ཐོག་དེར་ང་ཚོར་ས་གནས་གཞན་པ་ནས་རིགས་དེ་མཐུན་གྱི་དངོས་རྫས་ཐོབ་ཐབས་མེད་ཟེར།
ཟླ་བཅུ་པའི་ཚེས་ཉེར་ལྔ་ཉིན་གྱི་ཞོགས་པར། ཨོ་ཏིས་སི་ཞེས་པའི་དྲག་རླུང་གིས་མའོ་ཞི་ཁོ་ལྷོ་ཕྱོགས་ས་ཁུལ་གྱི་ཞི་བདེ་རྒྱ་མཚོ་འགྲམ་ནས་སྐམ་སུ་བུད་པ་དང་། ཨ་ཁཱ་ཕུའུ་ཨར་ཁི་ས་ཁུལ་སོགས་སུ་གཏོར་བརླག་ཐེབས་ནས་མི་ཞེ་དགུ་རྐྱེན་ལམ་དུ་ཤོར། ཀྲུང་གོ་ཕྱོགས་ཀྱིས་མའོ་ཞི་ཁོ་ཕྱོགས་ལ་བྲེལ་མྱུར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས་པ་དང་། མའོ་ཞི་ཁོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་མའོ་ཞི་ཁོ་རུ་ཡོད་པའི་ཀྲུང་གོའི་དངུལ་གཏོང་ཁེ་ལས། མའོ་ཞི་ཁོ་རུ་སྡོད་པའི་ཕྱི་སྡོད་རང་མི་བཅས་ཀྱིས་ཀྱང་གནོད་ཐེབས་ས་ཁུལ་དུ་ཞལ་འདེབས་ཕུལ་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།