ཨུ་རུ་སི་དཀར་པོའི་ཕྱི་འབྲེལ་བློན་ཆེན་གྱིས་རྒྱལ་སྤྱིའི་དམག་ཆས་ཚོད་འཛིན་རྐྱེན་སྲོལ་ལ་བསམ་བཞིན་དུ་གཏོར་བརླག་ཐེབས་ཡོད་པའི་ཚུལ་བསྟན།
2023.11.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ11ཚེས22ཉིན། ཨུ་རུ་སི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས། ཨུ་རུ་སི་དཀར་པོའི་ཕྱི་འབྲེལ་བློན་ཆེན་ཨ་ལེ་དབྱེ་ནེ་ཁི་ཡིས་མཉམ་ཞུགས་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་བཞིན་པ།

ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཨུ་རུ་སི་དཀར་པོའི་ཕྱི་འབྲེལ་བློན་ཆེན་ཨ་ལེ་དབྱེ་ནེ་ཁི་ཡིས་ཚེས་ཉེར་གཉིས་ཉིན་རྒྱལ་ས་མེན་སི་ཁི་ནས་བསྟན་དོན། རྒྱལ་སྤྱིའི་དམག་ཆས་ཚོད་འཛིན་རྐྱེན་སྲོལ་ལ་བསམ་བཞིན་དུ་གཏོར་བརླག་ཐེབས་ཡོད་པ་དང་། ཉེ་སྔོན་བྱུང་བའི་དཔེ་གཞི་ཞིག་ནི་བྱང་ཆིངས་རྩ་འཛུགས་ཀྱིས་ཡོ་རོབ་གླིང་གི་རྒྱུན་སྲོལ་དྲག་ཆས་སྟོབས་ཤུགས་ཆིངས་ཡིག་ནང་ཞུགས་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས་པ་དེ་རེད་ཟེར།

ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་ལས་འཛིན་ཚོགས་འདུ་དང་། རྒྱལ་སྲུང་བློན་ཆེན་ལས་འཛིན་ཚོགས་འདུ། བདེ་འཇགས་གྲོས་ཚོགས་དྲུང་ཡིག་ཨུ་ཡོན་ལྷན་ཁང་གི་མཉམ་ཞུགས་གྲོས་ཚོགས་བཅས་ཉིན་དེར་མེན་སི་ཁི་ནས་བསྡུས། ཨ་ལེ་དབྱེ་ནེ་ཁི་ཡིས་ཚོགས་འདུ་གྲོལ་རྗེས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། རྒྱལ་སྤྱིའི་དམག་ཆས་ཚོད་འཛིན་རྐྱེན་སྲོལ་ལ་བསམ་བཞིན་དུ་གཏོང་བརླག་ཐེབས་པ་དང་། ཡིད་ཆེས་མེད་པ་དང་འགལ་བ་ཇེ་ཆེར་སོང་བ། ནུབ་ཕྱོགས་རྒྱལ་ཁབ་རེ་འགའི་ཆབ་སྲིད་མགོ་ཁྲིད་པས་འགན་མི་ཁུར་བའི་གཏམ་བཤད་བཅས་ལས་དམག་ཆས་ཚོད་འཛིན་ཁྱབ་ཁོངས་ཀྱི་གྲོས་མོལ་སླར་གསོ་བྱེད་པར་དཀའ་ཁག་བཟོས་ཡོད་ཟེར།

ཨ་ལེ་དབྱེ་ནེ་ཁི་ཡིས་བསྟན་དོན། འཛམ་གླིང་གི་སྒྲིག་སྲོལ་རྙིང་བར་འགྱུར་ལྡོག་བྱུང་བའི་དབང་གིས་རྒྱལ་སྤྱིའི་འབྲེལ་བར་མ་ལག་རང་བཞིན་གྱི་ཉམས་ཉེན་བྱུང་བ་དང་། ཡོ་རོབ་གླིང་དང་ཨེ་ཤ་ཡཱ་སྐམ་སའི་དམག་དོན་དང་ཆབ་སྲིད་གནས་བབ་སྔར་ལས་ཇེ་སྡུག་ཏུ་སོང་ཡོད། བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་ཁབ་དག་གིས་དམག་དོན་སྦས་ཤུགས་ལ་ཤུགས་སྣོན་བྱས་པ་དང་། ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་ཉེ་འཁོར་ནས་དམག་དོན་སྦྱོང་བརྡར་རྒྱ་ཆེར་སྤེལ་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱིས་གནས་བབ་ཞི་འཇགས་སུ་བཏང་ནས་ཕན་ཚུན་བརྩི་འཇོག་བྱེད་པའི་གྲོས་མོལ་སྤེལ་བའི་འདོད་བློ་བཏོན་ཡོད་ཟེར།

ཉིན་དེའི་ཚོགས་ཐོག་ནས། ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་འཐུས་མིས་མིག་སྔའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། གཙོ་བོ་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ས་ཁོངས་རང་གི་བདེ་འཇགས་གནས་བབ་དང་འཕེལ་རྒྱས་གནས་ཚུལ་ལ་གྲོས་བསྡུར་བྱས། གྲོས་ཚོགས་ནས་ད་རུང་ཁོངས་གཏོགས་རྒྱལ་ཁབ་དག་གི་ཕྱི་ཕྱོགས་སྲིད་ཇུས་ཀྱི་ལངས་ཕྱོགས་མཐུན་སྦྱོར་དང་། ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་དང་རྒྱལ་སྤྱིའི་རྩ་འཛུགས་གཞན་པར་བར་གྱི་འབྲེལ་འདྲིས་དང་། དམག་དོན་མཉམ་ལས། མཉམ་དུ་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་སོགས་ལ་གྲོས་བསྡུར་བྱས། གྲོས་ཚོགས་ནས་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་མཉམ་འབྲེལ་བཀོད་འདོམ་པུའུ་ཡི་གྲུབ་ཚུལ་ཁས་ལེན་བྱས།

ཨེ་མེ་ནི་ཡཱའི་འཐུས་མི་གྲོས་ཚོགས་ལ་ཞུགས་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།