ཁཱ་ཐར་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་དུས་ཚེས་ཉེར་བཞི་ཉིན་གྱི་ཞོགས་པའི་དུས་ཚོད་བདུན་ནས་བཟུང་འཁྲུག་རྩོད་མཚམས་འཇོག་རྒྱུའི་ཚུལ་བསྟན་ཡང་། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་ཉེར་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་དུ་བར་སྣང་དང་ས་ངོས་ཀྱི་དམག་དོན་འགུལ་སྐྱོད་སྤེལ་བར་མ་ཟད། དབྱི་སི་རལ་བྱང་ཕྱོགས་ཀྱི་ལེ་པཱ་ནུན་བར་འཁྲུག་རྩོད་བྱས་ཡོད་ཟེར།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར་གསལ་སྒྲོག་སྤེལ་ཏེ། འདས་པའི་ཉིན་གཅིག་གི་ནང་དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་ཧཱ་མཱ་སིའི་དམིགས་འབེན་སུམ་བརྒྱ་ལྷག་ལ་བར་སྣང་འཇབ་རྒོལ་བྱས་ཏེ། དམག་དོན་བཀོད་འདོམ་ལྟེ་གནས་དང་ས་འོག་ཕུག་ལམ། དྲག་ཆས་མཛོད་ཁང་དང་དྲག་ཆས་བཟོ་སའི་རྟེན་གཞི། དེ་མིན་ཐན་ཁི་འཁོར་ལོར་རྒོལ་བའི་འཕུར་མདའི་གཏོང་འཕེན་བྱེད་ས་སོགས་འདུས་ཟེར།
ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་ཉེར་གསུམ་ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་ཆེས་ཆེ་བའི་ཞི་ཧྥ་སྨན་ཁང་གི་ཡོན་ཀྲང་སཱ་ལེ་མུས་ཡཱ་དང་སྨན་བཅོས་མི་སྣ་མང་བོ་འཛིན་བཟུང་བྱས་ཡོད་ཟེར། དབྱི་སི་རལ་གྱི་དམག་དཔུང་གིས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་འཛིན་བཟུང་བྱས་པའི་སཱ་ལེ་མུས་ཡཱ་སོགས་མི་སྣས་འདྲི་གཅོད་དང་ལེན་བྱེད་བཞིན་ཡོད་ཟེར།
ལི་པུ་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ་ཧཱ་མཱ་སི་དང་དབྱི་སི་རལ་གྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་ནང་དོན་ཚང་མ་ལག་བསྟར་བྱེད་རྒྱུ་མ་ཟད། མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་དག་ཅཱ་ཧྲ་རུ་སྐྱེལ་བར་ཆོག་མཆན་འགོད་རྒྱུའི་འབོད་སྐུལ་བཏང་། གསལ་སྒྲོག་ལས་བསྟན་དོན། ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཅཱ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་ས་ཁུལ་གྱི་དྲག་ཤུགས་སྔོན་འགོག་བྱས་ཏེ། མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་དགོས་ཟེར།
ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་ཉེར་གཉིས་ཉིན་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐད་ནས་ཕཱ་རེ་སི་ནས་འཚམས་འདྲིར་ཡོང་བའི་སོ་ཏི་ཨ་རབ་དང་། ཨེ་ཅིབ། ཅོར་ཏན། ཕཱ་ལེ་སི་ཐན། ཧིན་རྡུ་ཉི་ཞི་ཡཱ། ནེ་ཀྲི་རི་ཡཱ། ཐུར་ཁེ་བཅས་ཀྱི་ཕྱི་འབྲེལ་བློན་ཆེན་དང་། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་བཅས་དང་གྲོས་མོལ་བྱས། ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་བསྒྲགས་པ་ལྟར་ན། མཱ་ཁི་ལུང་གིས་གྲོས་མོལ་བྱེད་སྐབས་གནས་སྐབས་སུ་འཁྲུག་རྩོད་མཚམས་འཇོག་པ་དེས་རྒྱུན་མཐུད་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་ཆ་རྐྱེན་བསྐྲུན་དགོས་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་གཉིས་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། དབྱི་སི་རལ་དང་ཧཱ་མཱ་སི་ཡིས་གནས་སྐབས་སུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་པར་དགའ་བསུ་ཞུས། གསལ་སྒྲོག་ལས་བཤད་རྒྱུར། གྲོས་མཐུན་དེ་ནི་ཡང་དག་པའི་ཕྱོགས་སུ་བགྲོད་པའི་གོམ་པ་གལ་ཆེན་ཞིག་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རང་ནུས་ཅི་ཡོད་བཏོན་ནས་གྲོས་མཐུན་དེ་དངོས་འབེབས་བྱེད་པར་རྒྱབ་སྐྱོར་བྱས་ཏེ། དེའི་ཅཱ་ཧྲའི་མི་ཆོས་རིང་ལུགས་གནས་བབ་ཐད་ཀྱི་ཤུགས་རྐྱེན་ཇེ་ཆེར་གཏོང་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།