ཁཱ་ཐར་གྱི་ཕྱི་འབྲེལ་པུའུ་ཡིས་ཅཱ་ཧྲ་ས་ཁུལ་དུ་ཚེས་ཉེར་བཞི་ཉིན་གྱི་ཞོགས་པའི་དུས་ཚོད་བདུན་ནས་བཟུང་འཁྲུག་རྩོད་མཚམས་འཇོག་རྒྱུ་ཡིན་པའི་ཚུལ་བསྟན།
2023.11.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཁཱ་ཐར་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་དུ་ཚེས་ཉེར་བཞི་ཉིན་གྱི་ཞོགས་པའི་དུས་ཚོད་བདུན་ནས་བཟུང་འཁྲུག་རྩོད་མཚམས་འཇོག་རྒྱུ་རེད་ཟེར།

ཁཱ་ཐར་གྱི་ཕྱི་འབྲེལ་པུའུ་ཡིས་བཤད་རྒྱུར། མི་འགྱངས་པར་ཕྱིར་གཏོང་རྒྱུ་ཡིན་པའི་བཀག་འཇུག་མི་སྣའི་མིང་ཐོ་དེ་དབྱི་སི་རལ་གྱི་གསང་འཕྲིན་ལས་ཁུངས་ལ་སྤྲད་ཡོད་པ་དང་། སྐོར་ཐེངས་དང་པོའི་བཀག་འཇུག་མི་སྣ་དག་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞི་ནས་བཟུང་ཅཱ་ཧྲ་ས་ཁུལ་ནས་ཕྱིར་གཏོང་རྒྱུ་རེད་ཟེར།

ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཁོངས་སུ་གཏོགས་པའི་དྲག་ཆས་ཕྱོགས་ཁག་ཁཱ་སིང་སྟོང་ཤོག་གིས་གསལ་སྒྲོག་སྤེལ་ཏེ། ཚེས་ཉེར་བཞི་ཉིན་གྱི་ཞོགས་པའི་དུས་ཚོད་བདུན་ནས་བཟུང་འཁྲུག་རྩོད་མཚམས་འཇོག་རྒྱུ་ཡིན་ལ། དུས་ཡུན་ཉིན་བཞི་ཡིན། ཁཱ་སིང་སྟོང་ཤོག་སོགས་ཕཱ་ལེ་སི་ཐན་གྱི་དྲག་ཆས་རྩ་འཛུགས་དང་དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་ཚང་མ་མཚམས་འཇོག་རྒྱུ་རེད་ཟེར།

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། དབྱི་སི་རལ་ཕྱོགས་ལ་མི་འགྱངས་པར་ཕྱིར་གཏོང་རྒྱུ་ཡིན་པའི་བཀག་འཇུག་མི་སྣའི་མིང་ཐོ་འབྱོར་ཡོད་པ་དང་། མིང་ཐོའི་བྱེ་བྲག་གི་གནས་ཚུལ་ལ་དཔྱད་ཞིབ་བྱེད་པ་དང་འབྲེལ་ཡོད་ཀྱི་ཁྱིམ་མིར་འབྲེལ་གཏུག་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།