ཧྥུན་ལན་སྲིད་གཞུང་གིས་ཚེས་ཉེར་གཉིས་ཉིན་ཁྱབ་བསྒྲགས་བྱས་དོན། ཟླ་འདིའི་ཚེས་ཉེར་བཞི་ཉིན་གྱི་ནམ་གུང་ནས་བཟུང་ཨུ་རུ་སིའི་བར་འདབས་འབྲེལ་དུ་ཡོད་པའི་ཁུའུ་སཱ་མའོ་དང་སཱ་ལཱ་སོགས་ཤར་ཕྱོགས་ཀྱི་མཐའ་མཚམས་རྒྱུ་ལམ་བཀག་སྡོམ་བྱས་ནས། ལའ་ཅཱ་ཡའོ་སེ་ཕིས་རྒྱུ་ལམ་གཅིག་པུ་ཤར་ཕྱོགས་མཐའ་མཚམས་ས་ཁུལ་གྱི་རྒྱུ་ལམ་དུ་འཇོག་རྒྱུ་ཡིན་ལ། གྲོས་ཆོད་དེའི་ནུས་ལྡན་ཡུན་ཚད་ད་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན་བར་ཡིན་ཟེར།
ཧྥུན་ལན་སྲིད་གཞུང་གིས་ཉིན་དེར་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ནང་བཤད་རྒྱུར། ཟླ་བརྒྱད་པའི་ཟླ་མགོའི་ཚུན་ལ། ལམ་ཡིག་མེད་པའི་རྒྱལ་ཁབ་གསུམ་པའི་སྤྱི་དམངས་བདུན་བརྒྱ་ཙམ་ཤར་ཕྱོགས་ཀྱི་མཐའ་མཚམས་རྒྱུ་ལམ་ནས་ཧྥུན་ལན་དུ་ཡོང་རྩིས་བྱས་པ་དང་། ཁོ་ཚོས་འགེབས་སྲུང་གི་རེ་ཞུ་བཏོན་ཡོད། ཧྥུན་ལན་སྲིད་གཞུང་གིས་བལྟས་ན། གནས་སྤོར་སྡོད་དམངས་དེ་དག་དང་ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་གྱུར་བ་ལས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་བའི་སྒྲིག་ལམ་ཐད་འཇིགས་ཉེན་ཚབས་ཆེན་འབྱུང་སྲིད་པར་འདོད།
ཧྥུན་ལན་སྲིད་གཞུང་གིས་དེའི་སྔོན་ཁྱབ་བསྒྲགས་བྱས་དོན། ཁྲིམས་འགལ་གྱིས་རང་གི་མངའ་ཁོངས་སུ་ཡོང་བར་བཀག་འགོག་བྱེད་ཆེད། ཟླ་འདིའི་ཚེས་བཅོ་བརྒྱད་ཉིན་ནས་བཟུང་ཧྥུན་ལན་ཤར་ལྷོའི་ཕྱོགས་ཀྱི་མཐའ་མཚམས་རྒྱུ་ལམ་བཞི་བཀག་སྡོམ་བྱས་པ་དང་། ཁུའུ་སཱ་མའོ་སོགས་བྱང་ཕྱོགས་ཀྱི་མཐའ་མཚམས་རྒྱུ་ལམ་བཞག་སོར་འཇོག་བྱས་ཡོད། ལམ་ཡིག་མེད་པར་ཧྥུན་ལན་ཤར་ཕྱོགས་ཀྱི་མཐའ་མཚམས་ས་ཁུལ་ནས་ཡོང་རྩིས་བྱེད་པའི་མི་སྣ་དག་གཙོ་བོ་དབྱི་རག་དང་སི་རི་ཡཱ། ཡེ་མིན། ཐུར་ཁེ་སོགས་ནས་ཡོང་བ་རེད་ཟེར།
ཧྥུན་ལན་གྱི་ཙུང་ལི་ཨོ་ཨར་པའོ་ཡིས་ཚེས་ཉེར་གཉིས་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། སྔར་ལས་ལྷག་པའི་སྒོ་ནས་ཨུ་རུ་སིའི་བར་གྱི་མཐའ་མཚམས་འགྲིམ་འགྲུལ་ལ་ཚོད་འཛིན་བྱས་པ་ནི་སྔར་སྤྱད་པའི་བྱེད་ཐབས་དེས་གནས་སྤོར་སྡོད་དམངས་བཀག་འགོག་བྱེད་མི་ཐུབ་པས་ཡིན། མཐའ་མཚམས་རྒྱུ་ལམ་གཏན་འགོག་བྱེད་མིན་ཐད་ནས་ཨོ་ཨར་པའོ་ཡིས་བསྟན་དོན། དེ་ནི་གདམ་གསེས་བྱས་ཆོག་པའི་དོན་ཞིག་ཡིན་ཡང་། མིག་སྔའི་གནས་ཚུལ་ལ་གཞིགས་ན་གཏན་འགོག་བྱེད་པའི་དགོས་པ་མེད་ཟེར།
ཉིན་དེར་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཧྥུན་ལན་གྱིས་ཨུ་རུ་སིའི་མཐའ་སྲུང་མི་སྣ་དང་གྲོས་མོལ་མ་བྱས་པ་དང་། ཐབས་ལམ་གང་རུང་བརྒྱུད་ནས་ཨུ་རུ་སིའི་བར་འབྲེལ་འདྲིས་མ་བྱས་པའི་གནས་ཚུལ་འོག་ཏུ་ཆོད་དོན་དེ་འདྲ་སྤེལ་བ་རེད། ཨུ་རུ་སིའི་ཕྱོགས་ཀྱིས་ཧྥུན་ལན་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་གནས་བབ་ཐད་ནས་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱིས་དང་ལེན་བྱེད་ཐུབ་པའི་ཐག་གཅོད་ཇུས་གཞི་ཞིག་ཞིབ་འཇུག་བྱས་ནས་གཏན་འབེབས་བྱེད་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།