ནེའུ་ཙེ་ལན་གྱི་འདེམ་སྒུག་ཙུང་ལི། རྒྱལ་ཁབ་ཏང་གི་མགོ་ཁྲིད་པ་ལཱ་ཁི་སིན་གྱིས་ཚེས་ཉེར་བཞི་ཉིན་ནེའུ་ཙེ་ལན་གྱི་འགུལ་སྐྱོད་ཏང་གི་མགོ་ཁྲིད་པ་ཞི་མའོ་དང་། སྔོན་ཐོན་ཏང་གི་མགོ་ཁྲིད་པ་ཕིས་ཏི་སི་གཉིས་དང་མཉམ་དུ་ཧོས་ལིན་ཏོན་གྱི་རྒྱལ་ཚོགས་ཐོག་ཁང་ཆེན་མོ་ནས་དངོས་གཞིའི་གྲོས་མཐུན་བཀོད་དེ། རྒྱལ་ཁབ་ཏང་གཙོ་བྱས་པའི་སྐབས་གསར་བའི་སྲིད་གཞུང་རྩ་འཛུགས་བྱས་པ་ཁྱབ་བསྒྲགས་བྱས།
ལཱ་ཁི་སིན་གྱིས་ནེའུ་ཙེ་ལན་གྱི་ཙུང་ལི་དང་གསང་འཕྲིན་བདེ་འཇགས་པུའུ་ཀྲང་གི་འགན་ཁུར་རྒྱུ་ཡིན་པ་དང་། ཕིས་ཏི་སི་དང་ཞི་མའོ་གཉིས་ཀྱིས་སྐབས་འདིའི་གྲོས་ཁང་ལོ་གསུམ་གྱི་འགན་ཡུན་ནང་སོ་སོར་ལོ་གཅིག་དང་ཕྱེད་ཀའི་རིང་གི་ཙུང་ལི་གཞོན་པའི་འགན་ཁུར་རྒྱུ་ཡིན་ལ། དེ་ནི་ནེའུ་ཙེ་ལན་གྱི་ལོ་རྒྱུས་སྟེང་ཐོག་མའི་སྣང་ཚུལ་ཞིག་རེད། དེ་ལས་གཞན་ཕིས་ཏི་སི་ཡིས་ཡང་བསྐྱར་ཕྱི་འབྲེལ་བློན་ཆེན་གྱི་འགན་ཁུར་རྒྱུ་ཡིན་པ་དང་། ནོར་སྲིད་བློན་ཆེན་གྱི་འགན་དེ་རྒྱལ་ཁབ་ཏང་གི་ཏང་གཙོ་གཞོན་པ་ཝེ་ལེ་སི་ཡིས་ཁུར་རྒྱུ་རེད། སྲིད་འཛིན་ལས་ཁུངས་ཀྱི་ལས་གནས་ཉི་ཤུའི་ཁྲོད་རྒྱལ་ཁབ་ཏང་གིས་བཅུ་བཞི་ཟིན་ཡོད་པ་དང་། ཏང་ཁག་གཞན་པ་གཉིས་ལ་སོ་སོར་ལས་གནས་དྲུག་རེ་ཐོབ་ཡོད།
ལཱ་ཁི་སིན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། སྐབས་གསར་བའི་སྲིད་གཞུང་གིས་ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ཉིན་དམ་བཅའ་བཞག་སྟེ་ལས་འགན་ཁུར་རྒྱུ་རེད།
ནེའུ་ཙེ་ལན་གྱིས་ཟླ་བཅུ་བའི་ཚེས་བཅུ་བཞི་ཉིན་གྲོས་ཁང་གི་འདེམ་བསྐོའི་བྱ་བ་ཡོངས་འགྲུབ་བྱས་རྗེས། སྲིད་དབང་བཟུང་མེད་པའི་ཏང་རྒྱལ་ཁབ་ཏང་ལ་རྒྱབ་སྐྱོར་ཐོབ་པའི་ཚད་ཆེས་མཐོ་བས། སྲིད་འཛིན་ལས་ཁུངས་རྩ་འཛུགས་བྱེད་པའི་དབང་ཆ་ཐོབ་པ་རེད། འགྲན་རྩོད་ལ་ཞུགས་པའི་སྲིད་ཏང་བཅུ་བདུན་ཁྲོད་དུ། རྒྱལ་ཁབ་ཏང་གིས་འགུལ་སྐྱོད་ཏང་དང་སྔོན་ཐོན་ཏང་གདམ་གསེས་བྱས་ནས་མཉམ་འབྲེལ་གྱིས་སྲིད་གཞུང་རྩ་འཛུགས་བྱས་པ་རེད། འདས་པའི་གཟའ་འཁོར་འགའི་རིང་། ཏང་ཁག་གསུམ་གྱིས་སྲིད་སྐྱོང་སྲིད་ཇུས་དང་སྲིད་འཛིན་ལས་ཁུངས་ཀྱི་པུའུ་ཀྲང་དག་གི་འདེམ་མིའི་ཐད་ནས་དཀའ་ཚེགས་ཆེ་བའི་གྲོས་མོལ་བྱས་ཏེ། ལངས་ཕྱོགས་མཐུན་སྦྱོར་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།