ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ཚེས་ཉེར་གསུམ་ཉིན་ཨུ་རུ་སི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས་བསྡུས། རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡིས་མཐོ་རིམ་གྲོས་ཚོགས་སྟེང་བསྟན་དོན། ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ནི་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་བདེ་འཇགས་ཐད་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཡིན་ཟེར།
ལུའུ་ཁཱ་ཧྲིན་ཁི་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན། ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ། ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལོ་ཧྥུའུ། ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན་བཅས་ཉིན་དེའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་མ་ཟད། མཉམ་འབྲེལ་གསལ་སྒྲོག་སོགས་ཡིག་ཆ་བཅོ་ལྔ་བཀོད། ཁོངས་གཏོགས་རྒྱལ་ཁབ་དག་གི་མགོ་གཙོས་མཐོ་རིམ་གྲོས་ཚོགས་སྟེང་མིག་སྔའི་རྒྱལ་སྤྱི་དང་ས་ཁུལ་གྱི་བདེ་འཇགས་གནད་དོན་དང་། དེ་མིན་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཚོགས་འདུ་གྲོལ་སྐབས་ཀྱི་བྱ་འགུལ་གྱི་གྲུབ་འབྲས་གཙོ་བོར་གྲོས་བསྡུར་བྱས།
ལུའུ་ཁཱ་ཧྲིན་ཁི་ཡིས་བཤད་རྒྱུར། འཛམ་གླིང་ཧྲིལ་བོ་སྣེ་མང་ཅན་དུ་རིམ་བཞིན་བར་བརྒལ་བྱེད་བཞིན་ཡོད་ཅིང་། ལོ་རྒྱུས་ཀྱི་འཕེལ་རིམ་འགོག་ཐབས་མེད་ཟེར། ལུའུ་ཁཱ་ཧྲིན་ཁི་ཡིས་ད་རུང་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཨེ་མེ་ནི་ཡཱ་དང་ཨ་སེ་པེད་ཅང་གི་གནད་དོན་ཐད་ཀྱི་མཐུན་སྦྱོར་ནུས་པ་ནན་བཤད་བྱས། ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ནི་ཉིས་སྟོང་གཉིས་ལོའི་ཟླ་ལྔ་བར་བཙུགས་པ་དང་། གཅིག་སྟོང་དགུ་བརྒྱ་གོ་གཉིས་ལོར་བཀོད་པའི་སྒེར་ཚུགས་ཐུན་མོང་བདེ་འཇགས་ཆིངས་ཡིག་ལས་འཕེལ་འགྱུར་བྱུང་བ་རེད། མིག་སྔར་ཨུ་རུ་སི་དང་ཨུ་རུ་སི་དཀར་པོ། ཧཱ་སག་སི་ཐན། ཐཱ་ཅི་ཁི་སི་ཐན། ཨེ་མེ་ནི་ཡཱ། ཅིར་ཅི་སི་སི་ཐན་བཅས་ཁོངས་གཏོགས་རྒྱལ་ཁབ་དྲུག་ཡོད།
ཨེ་མེ་ནི་ཡཱའི་ཙུང་ལི་ཕཱ་ཧྲི་ནེ་དབྱང་ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་མེད། ད་ལོའི་ཟླ་དང་པོར། ཨེ་མེ་ནི་ཡཱ་ཡིས་རང་གི་མངའ་ཁོངས་སུ་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་དམག་དོན་སྦྱོང་བརྡར་སྤེལ་བར་ཁས་ལེན་མ་བྱས། ཟླ་དགུ་བར་ཨེ་མེ་ནི་ཡཱ་དང་ཨ་མེ་རི་ཁས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ། ཨུ་རུ་སི་དཀར་པོའི་ཕྱི་འབྲེལ་བློན་ཆེན་ཨ་ལེ་དབྱེ་ནེ་ཁི་ཡིས་བཤད་རྒྱུར། ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཐཱ་སི་མཱ་ཅཱ་མུའུ་པེ་ཐའོ་ཧྥུའུ་ཡིས་མཐོ་རིམ་གྲོས་ཚོགས་མཇུག་སྒྲིལ་རྗེས་ཨེ་མེ་ནི་ཡཱ་རུ་འཚམས་འདྲི་བྱེད་རྒྱུ་མ་ཟད། ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ནས་བཀོད་པའི་ཡིག་ཆ་དག་ཨེ་མེ་ནི་ཡཱ་ཕྱོགས་ལ་སྤྲོད་རྒྱུ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།