ཨེ་ཅིབ་རྒྱལ་ཁབ་གསར་འགྱུར་ཅུའུ་ཡི་ཅུའུ་ཀྲང་ལཱ་ཧྲི་ཝན་གྱིས་ཚེས་ཉེར་བཞི་ཉིན་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་དང་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་ནས་གནས་སྐབས་སུ་འཁྲུག་རྩོད་མཚམས་བཞག་པའི་སྐབས་སུ། ཉིན་རེ་བཞིན་ཁྲེ་སྣུམ་ཧྲིན་འབུམ་གཅིག་དང་ཁྲི་གསུམ་དང་རང་བྱུང་སོལ་རླངས་དྲུད་པའི་དངོས་སྐྱེལ་རླངས་འཁོར་བཞི་ཨེ་ཅིབ་ནས་ཅཱ་ཧྲ་ས་ཁུལ་དུ་གཏོང་རྒྱུ་ཡིན་ཟེར།
ལཱ་ཧྲི་ཝན་གྱིས་གསལ་སྒྲོག་ནང་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ནུས་ལྡན་དུ་གྱུར་བ་བདེན་དཔང་བྱས། གསལ་སྒྲོག་ལས་བཤད་རྒྱུར། ཉིན་རེར་ཟས་རིགས་དང་སྨན་རྫས། འཐུང་ཆུ་སོགས་རྒུད་སྐྱོབ་དངོས་རྫས་དྲུད་པའི་དངོས་སྐྱེལ་རླངས་འཁོར་ཉིས་བརྒྱ་ཙམ་ཅཱ་ཧྲ་ས་ཁུལ་དུ་སོང་ཆོག་ཟེར། ལཱ་ཧྲི་ཝན་གྱིས་བསྟན་དོན། ཨེ་ཅིབ་ཀྱིས་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་གྱི་རྨས་སྐྱོན་ཕོག་པའི་བྱིས་པ་དག་ཨེ་ཅིབ་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་རྒྱུ་ཡིན་པ་དང་། ཅཱ་ཧྲ་ས་ཁུལ་དུ་ཁགས་པའི་ཕྱི་རྒྱལ་གྱི་མི་སྣ་ཕྱིར་རང་གི་རྒྱལ་ཁབ་ཏུ་ལོག་པར་རོགས་རམ་བྱེད་རྒྱུ་ཡིན་ཟེར། དེ་ལས་གཞན་ཨེ་ཅིབ་ཀྱིས་ད་རུང་ཨེ་ཅིབ་ཏུ་སྡོད་པའི་ཕཱ་ལེ་སི་ཐན་གྱི་མི་དག་རང་རང་གི་འདོད་མོས་ལྟར་ཅཱ་ཧྲ་ས་ཁུལ་དུ་འགྲོ་བར་ཆོག་མཆན་འགོད་རྒྱུ་ཡིན་ཟེར།
ས་དེའི་ཚེས་ཉེར་བཞི་ཉིན་གྱི་ཞོགས་པའི་དུས་ཚོད་བདུན་སྟེང་། ཧཱ་མཱ་སི་དང་དབྱི་སི་རལ་གྱི་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དངོས་སུ་ནུས་ལྡན་དུ་གྱུར། གྲོས་མཐུན་ལྟར་ན། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་ཉིན་བཞིའི་རིང་མཚམས་འཇོག་རྒྱུ་ཡིན་པ་དང་། ཕཱ་ལེ་སི་ཐན་གྱི་དྲག་ཆས་རྩ་འཛུགས་དང་དབྱི་སི་རལ་གྱིས་དམག་དོན་འགུལ་སྐྱོད་ཚང་མ་མཚམས་འཇོག་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།