ཡོ་རོབ་གླིང་མནའ་འབྲེལ་གྱིས་ཚེས་ཉེར་བཞི་ཉིན་དབྱི་སི་རལ་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་བར་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་ལག་བསྟར་ཡུན་ཚད་ཇེ་རིང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།
ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པའོ་ལོས་ལེ་ཡིས་ཉིན་དེར་གསལ་སྒྲོག་ཅིག་ལས་བཤད་རྒྱུར། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེ་ཅཱ་ཧྲ་ས་ཁུལ་གྱི་རྒྱུན་མཐུད་དང་མི་རྣམས་ཧ་ལས་པར་བྱེད་པའི་མི་ཆོས་རིང་ལུགས་ཀྱི་གནས་བབ་ཀྱི་གོམ་རིམ་དང་པོར་བྱས་ནས་ལག་བསྟར་གང་ལེགས་བྱེད་དགོས་པར་མ་ཟད། དུས་ཡུན་སྔར་ལས་ཇེ་རིང་དུ་གཏོང་དགོས་ཟེར། གསལ་སྒྲོག་ལས་ནན་གྱིས་བསྟན་དོན། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དེ་ངེས་པར་དུ་ཆ་རྐྱེན་ཅི་ཡང་མེད་པར་ཅཱ་ཧྲ་ས་ཁུལ་གྱི་མང་ཚོགས་དག་གི་ལག་ཏུ་སྐྱེལ་དགོས་ཟེར།
གསལ་སྒྲོག་ལས་བསྟན་དོན། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་རྗེས། མི་ས་ཡ་གཅིག་ལྷག་འགྲོ་སའི་ཁྱིམ་མེད་པར་གྱུར་ཡོད་ཟེར། ཡོ་རོབ་གླིང་མནའ་འབྲེལ་གྱིས་མི་སེར་དཀྱུས་མ་མང་བོ་དང་། ཁྱད་པར་དུ་བྱིས་པ་དང་བུད་མེད་སྟོང་ཕྲག་འགར་ཤི་རྨས་ཐེབས་པར་འཕང་སེམས་ཆེན་པོ་སྐྱེས་ཡོད་པར་མ་ཟད། མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པ་དང་དེར་བཀག་རྒྱ་མི་ཐེབས་པར་གཞི་རྩའི་ཞབས་ཞུ་ཐོབ་པར་འགན་སྲུང་བྱེད་པ་དང་། དེ་མིན་སྨན་ཁང་དང་སློབ་གྲྭ་སོགས་ལ་སྲུང་སྐྱོབ་བྱེད་པ་ནི་བཅའ་ཁྲིམས་ཀྱི་འོས་འགན་ཅིག་ཡིན་པར་འདོད།
བསོད་ནམས་ཚེ་རིང་གིས་བསྒྱུར།