མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་གྱིས་ཚེས་ཉེར་བཞི་ཉིན་བཤད་རྒྱུར། དབྱི་སི་རལ་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཅཱ་ཧྲ་ས་ཁུལ་དུ་གནས་སྐབས་སུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ནུས་ལྡན་དུ་གྱུར་རྗེས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་གཞི་རྒྱ་ཇེ་ཆེར་གཏོང་ཐུབ་པ་བྱུང་ཡོད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་གྱིས་ཉིན་དེར་གསལ་སྒྲོག་སྤེལ་ནས། གནས་སྐབས་སུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ནུས་ལྡན་དུ་གྱུར་རྗེས། རྒུད་སྐྱོབ་དངོས་རྫས་དྲུད་པའི་དངོས་སྐྱེལ་རླངས་འཁོར་ཉིས་བརྒྱ་ལཱ་ཧྥ་རྒྱུ་ལམ་དུ་མངག་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡིས་དངོས་སྐྱེལ་རླངས་འཁོར་བརྒྱ་དང་སོ་བདུན་གྱི་དངོས་རྫས་དང་ལེན་བྱས་ཡོད་པ་དང་། དེ་ནི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ་ཅཱ་ཧྲ་ས་ཁུལ་གྱིས་དང་ལེན་བྱས་པའི་རྒུད་སྐྱོབ་དངོས་རྫས་ཆེས་མང་བའི་ཐེངས་ཤིག་ཡིན་པ་རེད། དེ་ལས་གཞན་འབར་རྫས་ཧྲིན་འབུམ་གཅིག་དང་ཁྲི་གཉིས་སྟོང་དགུ་དང་རང་བྱུང་སོལ་རླངས་རླངས་འཁོར་བཞི་ཡང་ཉིན་དེར་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་འདྲེན་བྱས། ཚབས་ཆེ་བའི་ནད་པ་ཉེར་གཅིག་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་ནས་ཕྱིར་འཐེན་བྱེད་པ་དང་། མང་ཚོགས་འབུམ་ཕྲག་མང་བོའི་ཟས་རིགས་དང་འཐུང་ཆུ། སྨན་བཅོས་ཡོ་བྱད། གཞི་རྩའི་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་ཐོབ་ཐུབ།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་གྱིས་བསྟན་དོན། མ་འོངས་པའི་ཉིན་འགའི་ནང་། མཉམ་འབྲེལ་རྒྱལ་ཚོགས་དང་མཉམ་ལས་གྲོགས་པོས་མུ་མཐུད་དུ་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་འགུལ་སྐྱོད་ལ་ཤུགས་སྣོན་བྱས་ཏེ། ཅཱ་ཧྲ་ས་ཁུལ་གྱི་མང་ཚོགས་དག་གི་དགོས་མཁོ་བསྐང་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།