ཕཱ་ཁི་སི་ཐན་ལྷོ་ཕྱོགས་ཀྱི་ཚོང་ར་ཞིག་ཏུ་མེ་སྐྱོན་བྱུང་ནས་མི་བརྒྱད་རྐྱེན་ལམ་དུ་ཤོར།
2023.11.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཕཱ་ཁི་སི་ཐན་དཔོན་རིགས་ཀྱིས་བཤད་རྒྱུར། ཕཱ་ཁི་སི་ཐན་ལྷོ་ཕྱོགས་ཀྱི་ཞིན་ཏི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཁཱ་ལཱ་ཆི་ཡི་ཚོང་ར་ཞིག་ཏུ་ཚེས་ཉེར་ལྔ་ཉིན་གློ་བུར་དུ་མེ་སྐྱོན་བྱུང་སྟེ། མི་བརྒྱད་རྐྱེན་ལམ་དུ་ཤོར།

ཞིན་ཏི་ཞིང་ཆེན་གྱི་མགྲིན་ཚབ་པ་ཝ་ཧཱ་པུའུ་ཡིས་གསར་འགོད་པར་བཤད་རྒྱུར། མེ་སྐྱོན་བྱུང་སའི་ཚོང་ར་ནི་བརྩེགས་རིམ་མང་བོའི་ཐོག་ཁང་ཞིག་ཡིན་པ་དང་། མེ་སྐྱོན་དེ་ལས་ཉུང་མར་ཡང་མི་བརྒྱད་རྐྱེན་ལམ་དུ་ཤོར་ཡོད་ལ། མི་མང་བོར་རྨས་ཕོག མིག་སྔར་མི་བཅོ་ལྔ་ནས་ཉི་ཤུ་ཐོག་ཁང་ནང་དུ་ཁགས་ཡོད་པ་དང་། མེ་གསོད་དང་སྔོག་བཤེར་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར།

གཞན་ཡང་ས་དེའི་ཉེན་རྟོག་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། མེ་སྐྱོན་དེ་ཚོང་རའི་བརྩེགས་རིམ་གཉིས་པ་ནས་འབར་བ་དང་། དེའི་རྗེས་སུ་བརྩེགས་རིམ་གཞན་པར་མཆེད་པ་རེད། ཉེན་རྟོག་ཕྱོགས་ཀྱིས་མེ་སྐྱོན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད། རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ལ། ཉུང་མཐར་ཡང་རྨས་མ་དྲུག་གི་གནས་ཚུལ་ཚབས་ཆེན་ཡིན་པས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།