ཝུའུ་ཁི་ལན་གྱི་མཁའ་དམག་གིས་ཚེས་ཉེར་ལྔ་ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཉིན་དེའི་ཞོགས་པར། ཨུ་རུ་སི་ཡིས་ཟིན་ཐོ་ལས་བརྒལ་བའི་མི་བསྡད་མེད་པའི་གནམ་གྲུ་དོན་ལྔ་མངག་ནས་ཝུའུ་ཁི་ལན་ལ་བར་སྣང་འཇབ་རྒོལ་བྱས་པ་དང་། དེའི་ནང་མི་བསྡད་མེད་པའི་གནམ་གྲུ་དོན་གཅིག་ཝུའུ་ཁི་ལན་གྱི་མཁའ་སྲུང་མེ་ཤུགས་ཀྱིས་བཀག་འགོག་བྱས་ཡོད། བར་སྣང་འཇབ་རྒོལ་བྱེད་ས་གཙོ་བོ་ནི་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་གྲོང་ཁྱེར་རེད་ཟེར།
ཅི་ཧྥུའུ་གྲོང་ཁྱེར་སྲིད་གཞུང་གིས་རྩོམ་ཡིག་སྤེལ་ཏེ། ཅི་ཧྥུའུ་གྲོང་ཁྱེར་གྱི་བར་སྣང་འཇབ་རྒོལ་གྱི་ཉེན་བརྡ་བསྟུད་མར་དུས་ཚོད་དྲུག་ཙམ་ལ་གྲགས། ཨུ་རུ་སིའི་མི་བསྡད་མེད་པའི་གནམ་གྲུ་དག་ཕྱོགས་མི་འདྲ་བ་ནས་ཅི་ཧྥུའུ་གྲོང་ཁྱེར་གྱི་བར་སྣང་དུ་ཡོང་བ་དང་། ཝུའུ་ཁི་ལན་གྱི་མཁའ་སྲུང་མེ་ཤུགས་ཀྱིས་ཅི་ཧྥུའུ་ལ་འཇབ་རྒོལ་བྱེད་པའི་མི་བསྡད་མེད་པའི་གནམ་གྲུ་ལྔ་བཅུ་ཙམ་བཀག་ཡོད་ལ། དེ་ནི་འཁྲུག་རྩོད་ཛ་དྲག་ཏུ་གྱུར་བའི་ཚུན་གྱི་གཞི་རྒྱ་ཆེས་ཆེ་བའི་མི་བསྡད་མེད་པའི་གནམ་གྲུའི་བར་སྣང་འཇབ་རྒོལ་ཐེངས་ཤིག་རེད་ཟེར། འཇབ་རྒོལ་ལས་ཅི་ཧྥུའུ་གྲོང་ཁྱེར་གྱི་སྡོད་དམངས་ཐོག་ཁང་དོན་བདུན་དང་ལས་ཁུངས་བརྒྱ་དང་ཉི་ཤུར་གློག་ཆད་པ་དང་། མིག་སྔར་འབྲེལ་ཡོད་སྡེ་ཁག་གིས་གློག་འདོན་སྒྲིག་ཆས་ཞིག་གསོ་བྱེད་བཞིན་ཡོད་ཟེར།
ཅི་ཧྥུའུ་གྲོང་ཁྱེར་གྱི་ཧྲི་ཀྲང་ཁི་ལེ་ཆི་ཁི་ཡིས་ཉིན་དེར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཉིན་དེའི་ཞོགས་པའི་བར་གྲོང་ཁྱེར་སྡོད་དམངས་ལྔར་བར་སྣང་འཇབ་རྒོལ་ཁྲོད་རྨས་ཕོག་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།